《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2023年01月17日

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་སྔར་བས་ རབ་ཏུ་བཞད་པར་བྱེད།

← འདི་ནི་ཚོགས་ཞུགས་མི་སྣས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་ཀློག་བཞིན་པ།

↓འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་འཐུས་མིས་ཚོགས་འདུའི་བར་གསེང་དུ་གླེང་མོལ་གནང་བཞིན་པ།

↑ཨུ་ཡོན་ཚོས་ལྷན་དུ་རྒྱལ་གླུ་ལེན་བཞིན་པ།

བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཡག་པོ་བསྒྲུབ་ཆེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར“འཛུགས་གཏོད་བཞི”དང“མདུན་གྲལ་སླེབས་པ་བཞིའི”བཀོད་སྒྲིག་བྱས་པ་དེའི་ནང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས”ཞེས་པས་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་སློང་གི་བཀའ་རྒྱ་བཏང་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་གཏིང་ཟབ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས།

མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གནས་ས་དང་། སྟོབས་ཤུགས་གནས་ས། རེ་བ་གནས་ས་བཅས་རེད། “བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས་པའི་འཐབ་ཇུས་ལས་འགན་ཧུར་ཐག་སྒྲུབ་དགོས་ཞེས་བཏོན་ནས་ལོ་གཅིག་ལྷག་ཙམ་སོང་རིང་། སྟག་རྩེ་ཆུས་ཀྱིས་ཏང་གིས་མི་རིགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དང་། མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡག་པོ། ཁྱིམ་ཚང་གཅིག་ལྟར་ཞི་མཐུན་བརྟན་ལྷིང་ཡིན་པ་བཅས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྟག་རྩེ་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆུས་ཀྲང་ལིའུ་ཏའེ་ཧུང་གིས་གསུངས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རིན་སྤུངས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧའོ་ཤིན་པིན་གྱིས་གསུངས་དོན། “རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་འབད་བརྩོན་བྱེད་དགོས་པའི་འཐབ་ཇུས་ཀྱི་ལས་འགན་བཏོན་ནས་ལོ་གཅིག་ལྷག་ཙམ་སོང་རིང་། རིན་སྤུངས་རྫོང་གིས་གཞིས་རྩེ་གྲོང་ཁྱེར་གྱི‘ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་མི་རིགས་མཐུན་སྒྲིལ་ལེགས་སུ་གཏོང་བའི་རྒྱུད’ཀྱི་ངེས་གནས་ལ་གཞི་ཚུགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་རྩ་བའི་ཐབས་ལམ་དུ་བརྩི་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་ལ་དམིགས་པ་བཅས་བྱས་ནས‘འདུ་འགོད་ཆེན་པོ་བཞི’དང‘བྱ་སྤྱོད་བདུན’དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། 2022ལོར་མ་དངུལ་སྒོར་ཁྲི་451བཏང་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི། མི་རིགས་མཐུན་སྒྲིལ་གྱི་ཐང་ཆེན་བཅས་འཛུགས་གཏོད་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་ཀའི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད། རྫོང་ཡོངས་སུ་རིགས་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་121སྤེལ་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤེས་བྱའི་འགྲན་བསྡུར་ཐེངས་32བྱས་པ། དྲིལ་བསྒྲགས་སྒྲོག་འགྲེལ་ཐེངས་692བྱས་པ་བཅས་ལ་རིམ་རྩིས་བྱས་ན་མི་ཐེངས་67840ལ་སློབ་གསོ་ཐེབས་པ་དང་། རྫོང་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ(ཚན་པ)53དང་དཔེ་བཟང་མི་སྒེར་34ཐོན་ཡོད།

ཧའོ་ཤིན་པིན་གྱིས། སླད་ཕྱིན་རྫོང་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མཉམ་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། ལྷ་ས་གྲོང་ཨུད། རིན་སྤུངས་རྫོང་ཨུད་བཅས་ཀྱི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན། སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་གོ་སྐབས་སུ་བྱས་ཏེ། བསམ་པའི་ཉམས་འགྱུར་སྔར་བས་ལེགས་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོར་འཐུས་མིས་འགན་འཁྲི་འཁུར་བ་དང་། འཐུས་མིའི་འགན་འཁྲི་སྒྲུབ་པ། འཐུས་མིའི་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་བཅས་མངོན་པ་བྱེད་ཀྱི་ཡིན། དུས་མཚུངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུའི་ནུས་པ་ཏན་ཏིག་འདོན་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མི་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་ཞུགས་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཏེ་བྱ་སྤྱོད་ཞིབ་ཕྲ་རེ་རེ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་ཆེན་པོ་གཅིག་ཏུ་བསྡུ་གི་ཡིན་ཞེས་ཡིད་ཆེས་ཀྱིས་ཁེངས་བཞིན་གསུངས།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྟག་རྩེ་ཆུས་འབྲོམ་ཐོད་ཤང་གླིང་ལྔ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྒོར་སྒོར་གྱིས། “ཆུང་བ་ཁྱིམ་ཚང་དང་གྲོང་ཚོ་ནས་ཆེ་བ་མི་རིགས་དང་རྒྱལ་ཁབ་བར་གལ་འགངས་ཆེ་ཤོས་ནི་མཐུན་སྒྲིལ་རེད། ནམ་རྒྱུན་གྲོང་ཚོར་ཚོགས་འདུ་འཚོག་པའམ་ཡང་ན་དྲིལ་བསྒྲགས་བྱེད་པ་ཚང་མར་གནད་དོན་འདི་ནན་བཤད་བྱེད་ཀྱི་ཡོད་པས། ད་ཆ་མི་རིགས་མཐུན་སྒྲིལ་སྔ་ས་ནས་གྲོང་མི་ཚོའི་སེམས་ལ་གཏིང་ཟབ་ཟུག་ཡོད། ལོ་མང་རིང་གླིང་ལྔ་གྲོང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་སྐྱོར་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་བཅངས་ཏེ་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་མཉམ་དུ་བླངས་ནས་བྱ་གཞག་ཁག་གི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། སླད་ཕྱིན་ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་ནན་ཏན་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འདི་གར་སྔར་བས་རབ་ཏུ་བཞད་པར་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།