《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

ཆང་བཏུངས་ནས་རླངས་འཁོར་གཏོང་མཁན་སྐྱེས་པ་ཞིག་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་བཟུང་བ།

ཟླ་8ཚེས་3ཉིན་གྱི་དགོང་མོ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཆང་བཏུངས་འཁོར་གཏོང་གི་མཚན་བཤེར་བྱས་ཤིང་། ཁྲེང་ཀོན་ཆུས་སྐུ་འབུམ་ཐང་ལམ་གྱི་ཉེ་འགྲམ་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱེད་སྐབས་རླངས་འཁོར་ཞིག་ནས་ཆང་དྲི་འཐུལ་བ་དང་ཁ་ལོ་བར་བརྟག་དཔྱད་ཐེངས་གཉིས་བྱས་རྗེས་ཨ་རག་གི་ཉིང་ཁུ་འདུས་ཚད་75mg/l00mlདང་78mg/100mlསོ་སོར་ཟིན་པ་དང་ཁ་ལོ་བ་ཞ་ཆེ་གེ་མོས་ཆང་བཏུངས་ནས་རླངས་འཁོར་བཏང་བའི་དོགས་པ་ཡོད་སྟབས་མིག་སྔར་གྱོད་གཞི་དེ་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སྐུ་འབུམ་ཐང་ལམ་དུ་རླངས་འཁོར་དང་ཁ་ལོ་བར་ཞིབ་བཤེར་བྱེད་བཞིན་པ།

ཉིན་དེའི་དགོང་མོའི་ཆུ་ཚོད་10པ་ཙམ་ལ་གསར་འགོད་པ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་སྐུ་འབུམ་ཐང་ལམ་དུམ་དུ་བཙུགས་པའི་ཞིབ་བཤེར་ས་ཚིགས་བཙུགས་སུ་བསྐྱོད་པ་ཡིན། གྲོང་ལྷོ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལམ་བཀག་པ་དང་བྱང་བུ་བཙུགས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་རེ་རེ་བཞིན་ལ་གྲལ་བཤེར་ཞིབ་ཕྲ་བྱེད་བཞིན་འདུག

དུས་ཡུན་རིང་པོ་མ་སོང་བར་རླངས་འཁོར་དཀར་པོ་ཞིག་ཞིབ་བཤེར་ས་ཚིགས་བརྒྱུད་སྐབས་མི་དམངས་ཉེན་རྟོག་པ་རིན་ཆེན་བཟང་པོས་འཆར་ཅན་གྱི་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་མ་ཐག་ཆང་དྲི་འཐུལ་འོང་། རིན་ཆེན་བཟང་པོས་རླངས་འཁོར་དེ་བཀག་ནས་ཁ་ལོ་བ་བདེ་འཇགས་ཁུལ་དུ་ཁྲིད་པ་དང་ལས་འཛོལ་མི་དམངས་ཉེན་རྟོག་པས་ཁ་ལོ་བར་ཆང་བཅུད་ཚད་ལེན་བྱས་པ་རེད། “སྐབས་དེ་དུས་ངས་རླངས་འཁོར་དེ་དལ་པོར་གཏོང་བ་མཐོང་བྱུང་། ཞིབ་བཤེར་ས་ཚིགས་སུ་སླེབས་སྐབས་རང་འགུལ་ངང་ཞིབ་བཤེར་དང་ལེན་བྱེད་ཀྱི་མི་འདུག་པས་ངས་དེར་གནད་དོན་འདུག་བསམས་བྱུང་། དེ་ནས་རླངས་འཁོར་གྱི་སྒེའུ་ཁུང་ཕྱེ་སྐབས་ཆང་དྲི་འཐུལ་བྱུང་བས། ལམ་སེང་ལམ་འགྲམ་དུ་ཁྲིད་དེ་ལས་འཛོལ་མི་དམངས་ཉེན་རྟོག་པར་རྩིས་སྤྲད་པ་ཡིན”ཞེས་གསར་འགོད་པར་བརྗོད།

ཨ་རག་གི་ཉིང་ཁུ་འདུས་ཚད་བཤེར་ཐེངས་གཉིས་ལ་75mg/l00mlདང་78mg/100mlསོ་སོར་ཟིན་པས་ཁ་ལོ་བ་ཞ་ཆེ་གེ་མོས་ཆང་བཏུངས་ནས་རླངས་འཁོར་བཏང་བའི་དོགས་པ་ཡོད་སྟབས་མི་དམངས་ཉེན་རྟོག་པས་གྱོད་གཞི་དེ་སྔར་བས་ཐག་གཅོད་བྱས་པ་རེད།

ཁ་ལོ་བ་ཞ་ཆེ་གེ་མོས་བཤད་པར་གཞིགས་ན། ཉིན་དེའི་དགོང་མོ་གྲོགས་པོ་ཚོ་དང་སྐུ་འབུམ་ཐང་ལམ་གྱི་ཉེ་འགྲམ་དུ་མཉམ་འཛོམས་བྱས་ཤིང་། གསོལ་སྟོན་སྐབས་ཚང་མ་ཆང་རག་བཏུངས་ནས་ཧ་ཅང་སྐྱིད་པོ་བྱུང་བ་རེད། མཉམ་འཛོམས་མཇུག་འགྲིལ་རྗེས་ཞ་ཆེ་གེ་མོ་གཅིག་པུར་རླངས་འཁོར་བཏང་ནས་ཁྱིམ་དུ་ལོག་པ་དང་ལམ་བར་དུ་འགྲིམ་འགྲུལ་ཉེན་རྟོག་པས་བཟུང་བ་རེད། “དེ་རིང་གྲོགས་པོ་རྙིང་པ་ཁ་ཤས་དང་མཉམ་འཛོམས་བྱས་པ་དང་ཚང་མ་སྤྲོ་བ་རབ་ཏུ་འཕེལ་བས་ངས་ཨ་རག་ཏོག་ཙམ་བཏུངས་པ་ཡིན། སྐབས་དེ་དུས་གྲོགས་པོས་ང་ལ་རླངས་འཁོར་ཚབ་གཏོང་མཁན་ཞིག་འབོད་དགོས་པའི་ཁ་ཏ་བྱས་བྱུང་། ངའི་བསམ་པར་འདུ་འཛོམས་བྱ་ཡུལ་ཁྱིམ་དང་ཐག་ཧ་ཅང་ཉེ་བས་སྐྱོན་ཡོད་ཀྱི་མ་རེད་བསམས་ནས་རླངས་འཁོར་བཏང་བ་ཡིན”ཞེས་བཤད། ཞ་ཆེ་གེ་མོས་འགྱོད་པ་ཆེན་པོས“ད་ཐེངས་ཀྱི་སྣ་སུན་ནི་ང་ལ་མཚོན་ན་བསླབ་བྱ་ཞིག་ཡིན་པ་དང་དེ་ལས་ང་རང་ལ་སྐྱོན་མེད་སྙམ་པའི་བསམ་བློ་གཏན་ནས་གཏོང་མི་རུང་བ་དང་། ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བ་ནི་རང་ཉིད་ལ་འགན་འཁུར་བ་ཞིག་ཡིན་པ་མ་ཟད། དེ་བས་ཁྱིམ་ཚང་ལ་འགན་འཁུར་བ་ཞིག་ཡིན་པ་རྟོགས་བྱུང་། སླད་ཕྱིན་ཆང་རག་བཏུངས་ནས་རླངས་འཁོར་གཏན་ནས་གཏོང་གི་མིན་ལ། ཚང་མས་ང་དཔྱད་གཞིར་བྱས་ནས་ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།

གསར་འགོད་པར་ཤེས་རྟོགས་བྱུང་བར། དབྱར་དུས་འགྲིམ་འགྲུལ་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”ཀྱི་ལས་དོན་བཀོད་སྒྲིག་དང་ལས་འཛོལ་སྔོན་འགོག་གི“ལས་འཛོལ་ཐོན་ཚད་ཉུང་གཏོང་དང་ལས་འཛོལ་ཆེན་པོ་ཐོན་རྒྱུ་ཚོད་འཛིན་བྱེད་པའི”ལས་དོན་ཡག་པོ་སྒྲུབ་པ་དང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། “རླངས་འཁོར་བཏང་ན་ཆང་རག་མི་འཐུང་བ་དང་ཆང་རག་བཏུངས་ཚེ་རླངས་འཁོར་མི་གཏོང་བའི”སྤྱིའི་བླང་བྱ་ལག་ལེན་བསྟར་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ངེས་མེད་དང་གནས་ངེས་མེད་ཀྱི་སྒོ་ནས་ཆང་བཏུངས་འཁོར་གཏོང་མཚན་བཤེར་གྱི་གཅིག་གྱུར་བྱ་སྤྱོད་མུ་མཐུད་སྤེལ་ཏེ། དམ་བསྒྲགས་རྣམ་པའི་སྒོ་ནས་ཆང་བཏུངས་འཁོར་གཏོང་དང་། ར་བཟི་འཁོར་གཏོང་། འཁོར་རྟགས་དང་ལག་ཁྱེར་དང་འབྲེལ་བ་ཡོད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ངོ་ཐུག་གདོང་འཕྲད་ཀྱི་རྣམ་པའི་ཐོག་ནས་ཁ་ལོ་བར་ཆང་བཏུངས་འཁོར་གཏོང་གི་གནོད་འཚེའི་རང་བཞིན་དྲིལ་བསྒྲགས་བྱེད་པ་དང་རྒྱ་ཆེའི་ཁ་ལོ་བར“ཆང་རག་བཏུངས་ཚེ་རླངས་འཁོར་མི་གཏོང་བ་དང་རླངས་འཁོར་བཏང་ཚེ་ཆང་རག་མི་འཐུང་བ”ཏན་ཏིག་ཐུབ་པ་བྱེད་པ་དང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་བྱེད་སྤྱོད་རང་རྟོགས་ངང་བཀག་འགོག་བྱས་ཏེ། བདེ་འཇགས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་མ་ཐོན་སྔོན་འགོག་དང་ཉུང་དུ་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།