《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

གཞན་གྱི་རྒྱུ་ལ་འདོད་རྔམ་ཆེན་པོ་བྱས། མཐའ་མ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག

ཉེ་ཆར། ལེའོ་ཆེ་གེ་མོ་ཨར་ཁང་ཞིག་ཏུ་ཆང་རག་བཏུངས་ནས་ཁྱིམ་དུ་ལོག་དུས། ལམ་བར་ནས་རང་ཉིད་ཀྱི་ཁ་པར་ཨར་ཁང་དུ་ལུས་པ་དྲན་ཏེ་ཁ་པར་ལེན་པར་བསྐྱོད། ཡིན་ནའང་ཁ་པར་མཐོང་སར་བསྡད་མེད། གང་སར་བཙལ་ནས་མ་རྙེད་པས་དེ་ཉིན་དགོང་མོ་ལེའོ་ཆེ་གེ་མོས་གྲོགས་པོའི་ལག་ཐོགས་ཁ་པར་ནས་རང་ཉིད་ཀྱི་སྐད་འཕྲིན་ནང་འཛུལ་དུས། སྐད་འཕྲིན་དངུལ་ཁུག་ནང་ཡོད་པའི་སྒོར་བརྒྱད་སྟོང་ལྷག་ཙམ་གཞན་གྱིས་གཙང་དག་བཟོས་ཟིན་པ་ཤེས། དེ་འཕྲལ་ལེའོ་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཉང་བྲན་མངགས་གཏོང་ཁང་ལ་ཉེན་དོན་སྙན་སེང་ཞུས།

ཉེན་དོན་སྙན་སེང་འབྱོར་རྗེས། ཉང་བྲན་མངགས་གཏོང་ཁང་གི་ཉེས་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ཡུལ་གྱི་གློག་མིག་ནང་གི་བརྙན་ཕབ་ལ་བལྟས་ཁར། བཅར་འདྲི་དང་བཅས་མཐིལ་རྟོགས་གྲལ་བཤེར་ཞིབ་ཕྲ་བྱས། དེ་ཉིན་དགོང་མོར། གྱོད་དོན་སྙན་སེང་ཞུས་ནས་ཉིན་གཅིག་ལས་སོང་མེད་ཀྱང་ཉེན་རྟོག་པས་ཉེས་གསོག་དོགས་ཅན་དོན་ཆེ་གེ་མོ་ཡིན་པ་རྩད་ཆོད་པ་མ་ཟད། དོན་ཆེ་གེ་མོ་གཞིས་རྩེ་གྲོང་ཁྱེར་དུ་བྲོས་ཚར་ཡོད་པའང་ཤེས། དེ་རྗེས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སུ་ཞིབ་བཤེར་ལ་གཞོགས་འདེགས་བྱ་རྒྱུའི་རེ་བ་བཏོན།

གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་སྐྱེད་ཚལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་དོན་ཆེ་གེ་མོའི་འགྲོ་འདུག་ཉལ་གསུམ་བྱེད་སར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། གྲལ་བཤེར་དང་ཉིན་མཚན་བསྟུད་མར་སྒུག་བརྒྱབ་མཐར། ཉིན་བདུན་རྗེས་ཀྱི་དགོང་མོ་ཞིག་ལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བཀྲ་ཤིས་སྐྱེད་ཚལ་གྱི་ཉེ་འཁོར་ནས་དོན་ཆེ་གེ་མོ་བཟུང་།

འདྲི་རྩད་བྱས་པ་བརྒྱུད། དོན་ཆེ་གེ་མོས་རང་ཉིད་ནི་ཨར་ཁང་དེའི་ལས་མི་ཞིག་ཡིན་པ་དང་། ཁ་པར་རྙེད་རྗེས་ལེའོ་ཆེ་གེ་མོས་ལག་ཐོགས་ཁ་པར་ལ་སྒོ་ལྕགས་བརྒྱབ་མེད་པ་ཤེས། ཚོད་ལྟ་ཐེངས་འགའ་བྱས་པ་བརྒྱུད་སྐད་འཕྲིན་ནང་གི་དངུལ་སྤྲོད་སའི་གསང་བའི་ཨང་གྲངས་ཤེས། དེ་ནས་དངུལ་དེ་དག་སྤྱད་ནས་ཁ་ལག་བཟས་པ་མ་ཟད་དངུལ་སྨར་བཏོན་པ་སོགས་བྱས་ཏེ། དངུལ་སྒོར་བརྒྱད་སྟོང་ལྷག་ཙམ་ཚང་མ་གཏོར་བའི་ཉེས་གསོག་གི་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་ཞུས།

མིག་སྔར། ཉང་བྲན་མངགས་གཏོང་ཁང་གི་ཉེས་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དོན་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞིར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།

མི་དམངས་ཉེན་རྟོག་པས་རྒྱ་ཆེའི་མང་ཚོགས་ལ། གཞན་གྱི་ཅ་དངོས་རྙེད་ཚེ་གོང་རིམ་ལ་རྩིས་སྤྲོད་དགོས། གལ་ཏེ་དེ་ལྟར་མ་བྱས་པར་གཞན་གྱི་རྒྱུ་དངོས་ལ་འདོད་རྔམ་བཅངས་ཚེ། བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་ཕོག་ནས་ཁེ་ལས་གྱོང་ཆེ་བ་རག་ངེས་ཡིན་པའི་དྲན་སྐུལ་བྱས།