《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

ཁྱིམ་ཚང་དུ་དུག་སེལ་བྱེད་སྐབས་ནོར་འཁྲུལ་ཤོར་སླ་བའི་གནད་འགའ་ཞིག

དུག་སེལ་བྱེད་པ་ནི་ནད་དུག་འགོ་རྒྱུ་འགོག་པའི་ཐབས་ཤེས་ཡག་ཤོས་དེ་ཡིན་མོད། འོན་ཀྱང་ལུགས་མཐུན་མིན་པའི་དུག་སེལ་བྱེད་སྟངས་ཀྱིས་ནད་དུག་གསོད་མ་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་ལུས་པོའམ་ཡང་ན་ཁོར་ཡུག་ལ་གནོད་འཚེ་བཟོ་སྲིད། དེར་བརྟེན་ཁྱིམ་དུ་དུག་སེལ་ཡོ་ཆས་བེད་སྤྱོད་བྱེད་སྐབས་ནོར་འཁྲུལ་ཤོར་སླ་བའི་གནད་འགའ་ཞིག་ཡོད་པར་ཚང་མས་དོ་སྣང་བྱེད་དགོས།

དུག་སེལ་བྱེད་ཐལ་ཤོར་བ་དང་རྒྱུན་གཏན་གྱི་གཙང་སྦྲར་སྣང་ཆུང་བྱེད་པ།

ཁྱིམ་ཚང་གི་འགོག་སྲུང་གཙོ་བོ་གཙང་སྦྲ་ཡག་པོ་བྱེད་རྒྱུ་དེ་ཡིན་པས་དངངས་སྐྲག་ལངས་ནས་དུག་སེལ་བྱེད་དྲགས་རྒྱུ་མེད། གལ་ཏེ་སྡོད་སའི་ཁུལ་ཆུང་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་མེད་པ་དང་། ཁྱིམ་དུ་ཕྱི་ནས་ཡོང་མཁན་མེད་པ། ལོགས་འཇོག་མི་སྣ་མེད་ཚེ་དུག་སེལ་ཉིན་ལྟར་བྱེད་དགོས་མེད། ཁྱིམ་དུ་རླུང་འགྲོ་དང་ཁོར་ཡུག་གཙང་མ་ཡོང་བ་བྱེད་དགོས་པ་དང་ཕྱིར་བསྐྱོད་ནས་ཁྱིམ་དུ་ལོག་སྐབས་ལམ་སེང་ལག་པ་གཙང་མ་བཀྲུ་དགོས། ཁུལ་ཆུང་གི་ཕྱིའི་ཁོར་ཡུག་ལ་ཁ་ལུད་སྣ་ལུད་དང་། སྐྱུག་པ། བཙོག་གཅིན་བཅས་ཀྱི་སྦགས་བཙོག་མེད་ཚེ་རྩ་དོན་ཐོག་དུག་སེལ་བྱེད་དགོས་མེད་ལ་ཁུལ་ཆུང་དུ་འགྲོ་འོང་བྱེད་པའི་རླངས་འཁོར་གྱི་ཕྱི་ངོས་ལའང་དུག་སེལ་བྱེད་དགོས་མེད་པའི་གྲོས་འགོ་བཏོན་ཡོད།

དུག་སེལ་གཤེར་ཁུ་གར་དྲགས་པ་དང་སླ་དྲགས་པ།

དུག་སེལ་གཤེར་ཁུ་དེ་ཙམ་གྱིས་གར་ཚེ་དུག་སེལ་བྱེད་ནུས་དེ་བས་ཆེ་བའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་དེ་འདྲ་མིན། ནུས་ཤུགས་ཆེ་བའི་དུག་སེལ་གཤེར་ཁུར་གནོད་ཤུགས་ཆེན་པོ་ཡོད། དུག་སེལ་གཤེར་ཁུ་གར་དྲགས་ན་མིའི་ཁ་ནང་དང་། དབུགས་ལམ། གློ་བ་སོགས་ལ་གནོད་ཀྱི་ཡོད། ཐ་ན་དབང་པོར་གནོད་སྐྱོན་ཕོག་པའི་ཉེན་ཁ་ཡང་ཡོད། ཁྲོམ་རར་བཙོངས་བའི་དུག་སེལ་གཤེར་ཁུ་སྤྱོད་སྐབས་གསལ་བཤད་ཡི་གེ་ལྟར་སླ་རུ་བཏང་རྗེས་བེད་སྤྱོད་བྱེད་དགོས། དུག་སེལ་བྱེད་སྐབས་ཅིའུ་ཅིང་75%ཡི་གར་ཚད་ལྡན་པ་དེ་སྤྱོད་དགོས།

རིགས་མི་འདྲ་བའི་དུག་སེལ་གཤེར་ཁུ་མཉམ་བསྲེས་བེད་སྤྱོད་བྱེད་པ།

རིགས་མི་འདྲ་བ་གཉིས་ཡན་གྱི་དུག་སེལ་གཤེར་ཁུ་མཉམ་བསྲེས་བྱས་ཚེ་རྫས་འགྱུར་གྱི་སྣང་ཚུལ་ཐོན་ནས་ལུས་པོར་གནོད་སྲིད། 84དུག་སེལ་གཤེར་ཁུ་དང་ཅིའུ་ཅིང་འདྲེས་རྗེས་ཐོན་པའི་ཁིལ་རླངས་ཀྱིས་དབུགས་ལམ་ལ་གནོད་པ་དང་། གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཧའོ་ཁེ་3000ལ་སླེབས་ཚེ་སྲོག་ཉེན་ཡོད། 84དུག་སེལ་གཤེར་ཁུ་དང་གསང་སྤྱོད་འཁྲུད་ཆས་མཉམ་བསྲེས་བྱས་ཚེ་དུག་རླངས་ཐོན་ནས་མིད་པ་དང་དབུགས་ལམ་དང་གློ་བར་གནོད་ནས་དུག་ཕོག་སྲིད། གོས་འཁྲུད་གཤེར་ཁུ་དང་དུག་སེལ་གཤེར་ཁུ་མཉམ་བསྲེས་བྱས་ནས་སྤྱོད་མི་རུང་།