《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年08月16日

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ་དང་། ཡུས་ཞུའེ་ཅུན་གྱིས་གསུང་བཤད་གནང་བ། ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆིས་ལས་དོན་སྙན་སེང་ཞུས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་བཅས་པ་དང་བཞུགས་མོལ་གནང་བ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་། ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་མྱུར་དུ་སྤེལ་བ། འགན་འཁྲི་ནན་དུ་གཏོང་བ། བྱ་དགའ་ཆད་གཅོད་ནན་པོ་བཅས་བྱས་ནས་མྱུར་ཚད་མགྱོགས་ཤོས་དང་། དུས་ཚོད་ཐུང་ཤོས། རིན་དོད་ཆུང་ཤོས་བཅས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་ནན་བཤད་གནང་བ་རེད།

ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆིས་ལས་དོན་སྙན་སེང་ཞུས་པ་དང་ཕུར་བུ་དོན་གྲུབ་དང་། ཟླ་བ་ཚེ་རིང་། ལུའོ་མེ། ཀྲང་ཧུང་པོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཡུས་ཞུའེ་ཅུན་བཅས་པ་དང་རིགས་གཅིག་མཁས་ཅན་རྣམ་པ་བོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འཕྲལ་མར་ལས་དོན་ཚོགས་ཆུང་བོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་གང་ལེགས་མཚོན་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ཆེད་ལས་མཛུབ་ཁྲིད་ནུས་ལྡན་གནང་བས་རིམས་ནད་ལས་རྣམ་པར་རྒྱལ་བའི་ང་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་སོང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་དང་རོགས་རམ་འོག་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་ཚན་རིག་དང་མཐུན་པ་དང་གནད་སྨིན། ནན་པོ། ནུས་ཆེ་བཅས་ཀྱི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། འཕྲལ་ཐག་ཆོད་པོས་ཐབས་ཇུས་འགོད་པ། ནད་དུག་དང་འཐབ་རྩོད་དང་། རིམས་ནད་དང་འཐབ་རྩོད་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔར་རིམས་ནད་ཀྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་སྔོན་འགོག་དང་ཚོད་འཛིན་ལས་དོན་ཆེས་འགག་རྩའི་དུས་བབ་ཏུ་གནས་ཡོད། ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཛད་ཕྱོགས་སྲིད་ཇུས་ཁག་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ“རིམས་ནད་ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་མཛད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མ་བཏང་བར་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་དམག་རྒྱག་རྣམ་པར་བརྟེན་ནས་ལས་དོན་ཁག་བཀོད་སྒྲིག་དོན་འཁྱོལ་ཞིབ་ཕྲ་ཡོང་བ་བྱེད་དགོས། གནད་དོན་ལ་བསམ་ཚོད་སྔར་ལས་རྙོག་འཛིང་ཆེ་ཙམ་དང་བྱེད་ཐབས་ལ་བསམ་གཞིགས་སྔར་ལས་ཞིབ་ཚགས་ཙམ་བྱས་ཏེ་རིམས་འགོག་དངོས་རྫས་དང་འཚོ་བའི་མཁོ་ཆས་སྣ་ཚོགས་འགན་སྲུང་དང་མཁོ་སྤྲོད་འགན་ལེན་རྒྱུན་སྲིང་ངང་ཡག་པོ་བྱས་ཏེ་སྤྱོད་མ་དགོས་ཀྱང་གྲ་སྒྲིག་བྱེད་པ་ལས་སྤྱོད་དགོས་དུས་གྲ་སྒྲིག་མེད་པ་གཏན་ནས་བྱེད་མི་རུང་བ་དང་། འགན་འཁྲི་ཏན་ཏིག་ཁུར་ནས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། གཅིག་གྱུར་འགོ་ཁྲིད་དང་། གཅིག་གྱུར་བཀོད་འདོམས། གཅིག་གྱུར་བཀོད་སྒྲིག གཅིག་གྱུར་བྱ་སྤྱོད་བཅས་ལ་ཤུགས་སྣོན་རྒྱག་པ། སྲིད་བཀའ་གཏོང་མཁན་མང་བ་དང་རང་འདོད་རང་སྒྲུབ་བྱ་རྒྱུ་བཀག་འགོག་བཅས་བྱས་ཏེ་འགན་འཁྲི་དོན་འཁྱོལ་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་ལྡོག་སྐུལ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁོངས་གཏོགས་ཁུལ་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱི“ཕྱོགས་བཞིའི་འགན་འཁྲི”ནན་དུ་བཏང་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་གང་དུ་སྐུལ་འདེད་བཏང་ཚེ“ཕྱོགས་བཞིའི་འགན་འཁྲི”དེ་གར་ནན་དུ་གཏོང་བ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། བྱ་སྤྱོད་མྱུར་དུ་སྤེལ་ནས་དམག་གྲབས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། དམག་གྲབས་ཀྱི་བཀའ་རྒྱ་ལག་བསྟར། འཕྲལ་སྡོམ་མ་ལག་བདེ་བླག་དང་ནུས་ཆེ་ཡོང་བའི་འགན་ལེན་བཅས་བྱས་ཏེ་རིམ་ཉུང་དོ་དམ་ལམ་སྲོལ་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་དམ་དུ་གཏོང་བ། དམིགས་ཚད་ཁ་གསལ་དང་ལས་འགན་ཞིབ་ཕྲ་དང་། སྤྱི་ཡོངས་སྤྱི་འདོམས་དང་གཙོ་གནད་མངོན་གསལ་དོད་པ། ཏན་ཏན་ཏིག་ཏིག་ངང་དམག་རྒྱག་པ་དང་གོམ་པ་རེར་སྒར་རེ་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཐོག་ལ་གཙང་བཟོའི་ལས་དོན་རེ་རེ་བཞིན་མངོན་འགྱུར་དང་རེ་རེ་བཞིན་སྲ་བརྟན་དུ་གཏོང་དགོས། བྱ་དགའ་དང་ཆད་གཅོད་ནན་པོ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་མཚོན་ཚུལ་མངོན་གསལ་དོད་པའི་ཕུལ་བྱུང་ལས་བྱེད་པར་བློ་ཁོག་ཆེན་པོས་གནས་སྤོར་བཀོལ་སྤྱོད་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྲོད་འགན་འཁྲི་ཡག་པོ་མི་སྒྲུབ་པའི་ལས་བྱེད་པ་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། འགན་འཛོལ་ཤོར་བ་དང་མི་བདེན་རྫུན་སྒྲིག་བྱེད་མཁན་ལས་བྱེད་པར་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་ལས་དོན་དངོས་ཀྱི་ཕན་འབྲས་ཐོག་ནས་འགོ་ཁྲིད་ལས་བྱེད་པའི་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་ཏན་ཏིག་བྱེད་དགོས།

ཡུས་ཞུའེ་ཅུན་གྱིས་གསུངས་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་སྟེ་འཕྲལ་དུ་ལས་དོན་ཚོགས་ཆུང་བོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད། ལས་དོན་ཚོགས་ཆུང་གིས་ཉམས་མྱོང་མཉམ་སྤྱོད་དང་། ཆེད་ལས་ཀྱི་འདེགས་སྐྱོར། འགན་ལེན་མཐུན་སྦྱོར་སོགས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཚང་མ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ་དང་བོད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་གང་མགྱོགས་ལེན་རྒྱུར་མཛུབ་ཁྲིད་དང་རོགས་རམ་ནུས་ལྡན་བྱ་རྒྱུ་རེད། ཡུས་ཞུའེ་ཅུན་གྱིས་ནན་བཤད་གནང་དོན། བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་མིག་སྔའི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཤུགས་ཆེར་གཏོང་དགོས། དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ལས་ཕྱོད་ཆེ་བའི་འཁོར་སྐྱོད་ལམ་སྲོལ་གང་མགྱོགས་འཛུགས་པ་དང་། རིམས་ནད་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་སྙན་སེང་འབུལ་ཤུགས་ཆེ་རུ་གཏོང་བ། དོན་དངོས་དང་བསྟུན་ནས་ཉིང་སྐྱུར་བརྟག་དཔྱད་དང་། རིམས་དཔྱད་ཁུངས་འདེད། ལོགས་འཇོག་བརྒྱུད་སྐྱེལ། སྡེ་ཁུལ་ལ་དོ་དམ་ཚོད་འཛིན། སྨན་ཁང་གི་འགོས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ནས་འཕྲལ་ཐག་ཆོད་པོས་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཐོག་ལ་གཙང་བཟོ་གང་མགྱོགས་མངོན་འགྱུར་ཡོང་བར་བྱེད་དགོས། དེ་གར་ལུས་པའི་ཡུལ་སྐོར་བའི་ཞབས་ཞུ་འགན་ལེན་དང་། མང་ཚོགས་ཀྱི་རྒྱུན་གཏན་སྨན་བཅོས་ཀྱི་དགོས་མཁོ། ལོགས་འཇོག་བྱ་ཡུལ་འཛུགས་རྒྱུའི་དོ་དམ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་མྱུར་ཚད་མགྱོགས་ཤོས་དང་། དུས་ཚོད་ཐུང་ཤོས། རིན་དོད་ཆུང་ཤོས་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།