《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

༄ ང་དང་སྦྲ་ནག་།

སྐལ་བཟང་ལུང་བསྟན། (སློབ་མ)

སྦྲ་ནག་གྲུ་བཞི་ནི་ངའི་ལྟེ་ཁྲག་འཕོ་ས་ཡིན་ལ། ངའི་ངུ་སྐད་ཐོག་མ་སྒྲོག་ས་ཡང་ཡིན།

སྦྲ་ནག་ནི་ཨ་ཁུ་འབྲོག་པའི་གནས་མལ་དྲོན་མོ་དང་འབྲོག་པ་ནི་སྦྲ་ནག་གི་རྟག་བརྟན་མགྲོན་པོ་དེ་ཡིན། སྦྲ་ནག་ནི་འབྲོག་པའི་རྒྱན་ཆ་དང་འབྲོག་པ་ནི་སྦྲ་ནག་གི་བདག་པོ་ཡིན།

སྔོན་བྱོན་མེས་པོ་གོང་མ་རྣམས་ཀྱིས་ང་ཚོར་འདི་ལྟ་བུའི་རིག་གནས་ཤུལ་བཞག་ཅིག་བཞག་པ་ནི་ང་ཚོའི་བསོད་ནམས་ཡིན་ལ། དེ་བས་གཟི་བརྗིད་ཅིག་ཏུའང་བརྩིས་ཆོག མ་གཞི་ནས་སྦྲ་ནག་ནི་ང་ཚོའི་མི་རབས་ནས་མི་རབས་བརྒྱུད་པའི་ཁང་བཟང་གྲུ་བཞི་དེ་ཡིན་ལ། ཕྱུགས་ཟོག་འཚོ་རྟེན་དུ་བྱས་པའི་ཨ་ཁུ་འབྲོག་པའི་མཚོན་བྱེད་ཅིག་ཀྱང་ཡིན།

ཁོ་བོ་ནི་ས་མཐའི་འཁྱམ་པོ་ཞིག་དང་འདྲ་བར་ཉིན་མཚན་མེད་པར་རྣམ་གཡེང་ལེ་ལོའི་དབང་དུ་ཚུད་ནས་ལང་ཚོ་རླུང་ལ་བསྐུར་མཁན་གྱི་བུ་ཕྲུག་ཐ་ཤལ་ཞིག་ཡིན་ཏེ། ཤེས་བྱ་ཡོན་ཏན་གནས་ལ་སྦྱངས་པ་མི་ཆེ་ལ། རང་ཉིད་དང་ཆུང་བྱིས་པའི་དུས་ནས་འདྲིས་པའི་འབྲོག་ལས་ལ་དུང་བ་མི་སྐྱེ། དེ་བས་འབྲོག་པའི་འཚོ་བའི་གཡང་རྟེན་དུ་གྱུར་པའི་སྦྲ་ནག་ལ་རྒྱུས་མངའ་ཡང་ཤིན་ཏུ་ཆུང་།

ཡིན་ནའང་། ལས་སྨོན་བཟང་པོའི་མཐུ་དང་བཤེས་གཉེན་བཟང་པོའི་བཀའ་དྲིན་ལས། ངས་ཤེས་རིག་སྦྱོང་བའི་གལ་ཆེའི་རང་བཞིན་ངང་གིས་རྟོགས་བྱུང་ལ། དེ་བས་རང་གི་མི་རབས་གོང་མའི་འཚོ་བའི་གོམས་གཤིས་དང་། ཡ་རབས་གོམས་སྲོལ། རིག་གནས་ལོ་རྒྱུས་བཅས་ལ་རྒྱུས་མངའ་ལོན་པ་བྱེད་རྒྱུ་ནི་ང་ཚོ་ན་གཞོན་ཚོས་སྣང་ཆུང་ཡེ་ནས་བྱེད་མི་རུང་བ་ཞིག་ཡིན་པ་རྟོགས་བྱུང་།

དེས་ན། ད་ལྟ་ཁོ་བོ་ནི་ཐོབ་དང་གོ་ས་ཡོད་པའི་དཔོན་ཆེན་ཞིག་མིན་ཡང་། ཁོ་བོ་ནི་མེས་པོའི་ཡ་རབས་གོམས་སྲོལ་གཙིགས་སུ་འཛིན་པའི་བུ་ཕྲུག་ཅིག་དང་། སྔོན་ཐོན་རིག་གནས་ལ་ཐོས་བསམ་ལྷུར་ལེན་མཁན་གྱི་སློབ་མ་ཞིག རྩྭ་ཐང་སྟེང་གི་འབྲོག་པའི་འཚོ་བ་ལ་དུང་བ་ཟབ་པའི་འབྲོག་ཕྲུག་ཅིག་བཅས་སུ་གྱུར་ཡོད། ང་དང་སྦྲ་ནག་ནི་ཚེ་སྔོན་སྨོན་ལམ་བཟང་པོས་ལས་ཀྱི་མདུད་པ་གཅིག་ཏུ་འབྲེལ། རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་རྒྱས་ས་དང་། ནང་མི་སྤུན་མཆེད་ལྷན་འཛོམས་བྱུང་ས། འགྲོ་བ་ཡོངས་ལ་བདེ་སྐྱིད་ཐོབ་སའི་གནས་འདི་ནས། ངས་ས་མཐོའི་རྩྭ་ཐང་གི་འབྲོག་ཁྱིམ་དྲོན་མོར་གསོན་ཤུགས་གསར་པ་སྦྱིན་པར་སྤྲོ།

སྦྲ་ནག་ཡ་སྦྲ་ནག ཁྱེད་ནི་འབྲོག་པའི་ཁྲ་ཆུང་མིག་དང་ཁོག་པའི་སྙིང་རེད། ཁྱེད་ནི་འབྲོག་པའི་ཡོད་ཚད་ཀྱི་ཡོད་ཚད་རེད།

སྦྲ་ནག་ཡ་སྦྲ་ནག ངའི་སེམས་གཏིང་གི་སྦྲ་ནག ང་རང་ནམ་ཡང་ཁྱེད་ལ་དགའ།