《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

༄༅།། ང་ཡི་ཕ་ཡུལ་ལྷ་ས།

རན་ཡོད། (སློབ་མ)

ང་ཡི་ཕ་ཡུལ་ནི་དཀར་གཙང་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་བོད་ཁ་བ་ཅན་གྱི་ཞིང་ཁམས། འཛམ་གླིང་ཡུལ་གྲུ་ཀུན་ལ་སྙན་པའི་གྲགས་པ་འབྲུག་སྒྲ་བཞིན་ལྡིར་བའི་གནས་མཆོག་ལྷ་ས་ཡིན།

ལྷ་ས་ནི་འཛམ་གླིང་ཡང་རྩེར་གནས་ཤིང་རྟ་བདུན་དབང་པོ་དང་བར་ཐག་ཉེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་སྟབས། སྐྱེ་བོ་ཀུན་གྱིས་ཉི་འོད་གྲོང་ཁྱེར་རམ་ཉི་མ་ལྷ་ས་ཞེས་འབོད། ས་འདི་ཉིད་ཀྱི་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་འཕྲོ་ཤུགས་ཆེ་བ་དང་། དགུན་དྲོ་ལ་དབྱར་བསིལ་བའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཁྱད་ཆོས་དེས་མི་སེམས་དབང་མེད་དུ་འགུག་པར་བྱེད། གནས་མཆོག་འདིར་སྔོ་བསངས་ནམ་མཁའི་དབྱིངས་སུ་སྙེག་འདྲའི་ཕོ་བྲང་པོ་ཏ་ལ་དང་། གསེར་གྱི་རྒྱ་ཕིབས་ལས་འོད་ཟེར་ཆེམ་ཆེམ་དུ་འཕྲོ་བའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་། རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་། སེ་འབྲས་དགེ་གསུམ་ལ་སོགས་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་བའི་རྩ་ཆེའི་དགོན་སྡེ་མང་ལ། དེ་དག་ཏུ་རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་ཤིན་ཏུ་མང་བས། ལོ་ལྟར་བོད་ཁུལ་ཙམ་མ་ཟད་རྒྱལ་ཕྱི་རྒྱལ་ནང་ནས་ཡུལ་སྐོར་དང་ལྟ་སྐོར་ལ་ཕེབས་མཁན་ནི་ནམ་མཁའི་སྐར་ཚོགས་བཞིན་བགྲང་དཀའ་བའི་ཚད་དུ་སྣང་།

ཕ་ཡུལ་གྱི་མདུན་ཕྱོགས་སུ་གཡུ་འབྲུག་སྔོན་མོ་ཐང་ལ་བབས་པ་ལྟར་རྒྱུག་པའི་ཆུ་བོ་དེར་ལྷ་ས་སྐྱིད་ཆུ་ཞེས་སྙན་པའི་མིང་གིས་འབོད་ཅིང་། ཆུ་མོ་དེ་ནི་དྭངས་ཤིང་གཙང་ལ་ནག་ནོག་གི་དྲི་མས་སྦགས་པ་མེད་པས་ལྷ་ཡི་བདུད་རྩིར་འཁུ། སྒོས་སུ་མེས་པོ་དག་གི་གསུང་འགྲོས་ལ་གཞིགས་ན། ཆུ་མོ་དེ་ནི་ལྟོ་བར་མི་གནོད་པ་དང་། མགྲིན་པར་ཕན་པ། ཡང་བ། བསིལ་བ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཡིན་པར་གྲགས། ཡུལ་འདིའི་མཐའ་བཞི་རི་བོས་བསྐོར་བའི་སྟེང་། བག་ཡངས་སུ་རྒྱུ་བའི་ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་བསྒྲིགས་ནས་དྲི་ཞིམ་བཅུད་ལྡན་གྱི་ཞིམ་མངར་རྩྭ་ཆུར་རོལ་ཞིང་། བསིལ་རླུང་ཁྲོད་དུ་ལྡེམ་ལྡེམ་བྲོ་གར་ལ་རོལ་བའི་མེ་ཏོག་གི་ཚོགས་ནི་འཇའ་ཚོན་ཐང་ལ་བཀྲམ་པ་བཞིན་ཡི་གར་འོང་། དེང་རབས་ཀྱི་གྲོང་ཁྱེར་འདིར་རྩེ་མོ་ནམ་མཁའི་དབྱིངས་སུ་སྙེག་འདྲའི་བ་གམ་ཁང་བཟང་གཅིག་ལས་གཅིག་མཐོ་ལ་བཀྲག་ཆེ་བ་དང་། པ་ཊའི་རིས་ལྟར་གནག་ཅིང་སྣུམ་པའི་གཞུང་ལམ་ནི་དྲ་རྒྱ་བཞིན་གང་སར་བསྣོལ་ལ། ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་རླངས་འཁོར་གྱི་ཚོགས་ནི་གྲོག་ཚང་བརྡོལ་བ་ལྟར་འདུ་འཛི་ཆེ། གཞུང་ལམ་གཡས་གཡོན་གྱི་རྩི་ཤིང་གི་ཚོགས་དང་། མེ་ཏོག་གི་ཚོགས། སྤྱི་གླིང་གི་ཚོགས་ནི་གཡུ་ཡི་མགུལ་རྒྱན་དང་འདྲ་བར་གནའ་གྲོང་ལྷ་སའི་སྟོད་སྨད་ཁྱོན་ལ་མཛེས་སྡུག་གི་ཁ་དོག་གསར་པ་ཞིག་བསྣན།

ཨེ་མ། རང་རེའི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱིས་བསྐྲུན་པའི་གནའ་གྲོང་འདི་ཉིད་དུས་རབས་གསར་པར་གསོན་ཤུགས་རབ་ཏུ་རྒྱས་ནས་འཛམ་གླིང་སྐྱེ་རྒུའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས། ང་དང་ང་འདྲ་བའི་གསར་བཞད་མེ་ཏོག་ཚོས་ཤེས་བྱའི་རྒྱ་མཚོར་བརྩོན་འགྲུས་སྐྱ་བས་བསྐུལ་ནས། མ་འོངས་པར་ཕ་ཡུལ་སྔར་བས་མཛེས་སྡུག་ལྡན་པ་དང་། སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་ལྷོད་མེད་མི་བྱེད་ཅི་ལ་སྲིད།