《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

༄༅།། ཕ་ཡུལ་འབྲི་རུར་བསྟོད་པའི་ཀ་བཤད་དོ་ལོ་ཕྲེང་རྒྱུས།

བསྐྱར་རྒྱུད་ཚེ་དབང་བསྟན་འཛིན།

ཀ་ར་ཀུ་ཤུའི་སྡོང་པོ་དབེན་ཡང་རང་བྱུང་སྨན་རྩྭའི་དྲི་བསུང་འཐུལ། །

ཁ་དོག་མཚར་བ་མཐོང་བྱེད་བཟི་བའི་བ་ལུའི་མེ་ཏོག་དེ་བས་མཛེས། །

ག་བུར་རྡུལ་གྱི་རང་མདངས་འཛིན་པའི་ཚངས་པའི་ཆུ་ཚན་ལང་ལོང་འཕྱུར། །

ང་ཡི་ཕ་ཡུལ་ནགས་ཤོད་འབྲི་རུར་རྨད་བྱུང་ངོ་མཚར་འབུམ་གྱིས་དཀྲིགས། །

ཅ་ཅོ་ཀུན་བྲལ་ཞི་བདེའི་མཐུན་ལམ་སུམ་རྩེན་ཞིང་ལ་ཨ་ཡོད་སྙམ། །

ཆ་རྫོགས་ཟླ་བའི་རྗེས་བསྙེགས་ཡུལ་འདི་གཞན་གྱིས་འགྲན་པའི་སྐལ་བ་དབེན། །

ཇ་ཆང་བདུད་རྩིའི་ལོངས་སྤྱོད་འདི་ཀོ་གདེངས་ཀ་ཅན་གྱི་ཞིང་ལ་སྐན། །

ཉ་ཆུང་གསེར་མིག་ཆུ་ནང་རྩེན་ལྟར་ཡུལ་འདིའི་སྐྱེ་བོ་ལས་ལ་ཧུར། །

ཏ་ལའི་ཤིང་གི་ནགས་དང་བྲལ་ཡང་སྐྱེད་མོས་ཚལ་གྱི་དོ་ར་སྐྱིད། །

ཐ་མལ་ཆང་རག་ལེ་ལོར་མ་གཡེངས་འབྱོར་འབྲིང་རྟ་ཕོ་ལྕག་གིས་སྐུལ། །

དར་དིར་བུང་བའི་གཤོག་ཟུང་འགྱུར་བཞིན་ཕུཌ་འདུན་བཟང་པོར་འབད་པས་སྙེགས། །

ན་ཐང་རི་ལུང་ཡུལ་གྲུ་ཀུན་གྱི་མངའ་འབངས་མི་སེར་གནས་བཟོད་བདེ། །

པ་ཏྲའི་རི་མོ་སྙིམ་པར་བྲིས་འདྲའི་ནགས་ཤོད་ཡུལ་གྱི་ཆགས་སྟངས་ལས། །

ཕ་མེས་བརྒྱུད་པའི་མི་ཚེའི་ལོ་རྒྱུས་ཐར་ཐོར་འགའ་ཡང་ཅུང་ཙམ་གསལ། །

བ་དན་གཡོ་བཞིན་མཚན་སྙན་འབར་བའི་རིག་པའི་སྐྱེས་ཆེན་མི་ཉུང་བ། །

མ་ཡུམ་ས་འདིར་ལྟེ་ཁྲག་འཕོས་པས་འབྲི་རུའི་ཡུལ་འདི་ཀུན་ལ་གྲགས། །

ཙ་རིར་འགྲན་པའི་བྱིན་ཅན་གནས་རི་ཡུལ་འདིའི་ཕྱོགས་བཞིར་ཉམས་ཀྱིས་འགྱིང་། །

ཚ་གྲང་སྙོམས་པའི་འབྲི་རུའི་ཡུལ་ཕྱོགས་རྩ་ཆེའི་སྐྱེ་དངོས་འབེལ་བའི་གཞི། །

ཛ་ཧུའི་བུ་མོའི་བཞུར་རྒྱུན་བཞིན་དུ་རྒྱལ་མོ་དངུལ་ཆུའི་རླབས་སྒྲ་སྙན། །

ཝ་དམར་ལ་སོགས་རི་སྐྱེས་སྲོག་ཆགས་འཚེ་མེད་དགའ་བདེའི་དཔལ་ལ་རོལ། །

ཞ་ཞི་བྱིས་པའི་ཚོགས་ཀྱང་ཤེས་རིག་རྒྱ་མཚོའི་ནོར་བུ་ལེན་པར་བརྩོན། །

ཟ་འབྲུ་སྣ་ལྔས་བང་མཛོད་གཏམས་ཤིང་དཀར་ནག་ཕྱུགས་ཀྱིས་རི་ཀླུང་བཀང་། །

འ་འུར་འཕྲུལ་གྱིས་ལེགས་པར་བསྐྲུན་པའི་དེང་རབས་ཁང་ཆེན་མཁའ་ལ་སྙེགས། །

ཡ་རབས་མི་སྤྱོད་ལྷག་པར་བཟང་ལ་ལས་འབྲས་ཚུལ་བཞིན་སྲུང་ལ་མཁས། །

ར་རིའི་དྲི་མས་མ་སྦགས་སྲིད་པའི་གངས་དཀར་ལྷུན་པོའི་མུ་འཁྱུད་དང་། །

ལ་ཀླུང་ཡངས་པའི་ཕྱི་སྣོད་འཇིག་རྟེན་ས་ལེ་སྦྲམ་གྱི་གཞོང་པ་འདྲ། །

ཤྭ་རྐྱང་རྟ་ནོར་ནང་བཅུད་སེམས་ཅན་རྩི་ཏོག་བཅུད་ལ་ཅི་དགར་རོལ། །

ས་གཞི་ཆེན་པོ་གཡང་གི་ཐོན་ཁུངས་ནཱ་གའི་བང་མཛོད་སྐྱེངས་པར་བྱེད། །

ཧ་ཧུའི་གླུ་གར་ཞབས་བྲོ་དར་བའི་སྦས་ཡུལ་ནགས་ཤོད་ཕྱུག་མོ་ནས། །

ཨ་ལ་ལ་ཞེས་རྫི་གླུ་སྙན་པོ་སྐྱི་བསེར་རླུང་དང་སྡེབ་ནས་ལེན། །

ཧ་ཅང་འཛོམས་པའི་ལོངས་སྤྱོད་འདོད་རྒུ་འཆི་མེད་གྲོང་ལ་འགྲན་ནུས་སོགས། །

ཨ་མཚར་མཚར་དགུའི་དགེ་མཚན་ལྡན་པའི་འབྲི་ལྗོངས་ཡུལ་ལ་མངོན་པར་བསྟོད། །