《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཀྲུང་གོས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བ།

ལའོ་ལུན་སི·མའེ་ཁེ་ཐང་ནཱ།

ང་ཨ་རི་ནས་ཡོང་བ་ཡིན། ང་ཚོའི་ཁྱིམ་གྱི་མི་རབས་གསུམ་ཚང་མར་ཀྲུང་གོ་རྒྱུས་མངའ་ཆེན་པོ་ཡོད། ཀྲུང་གོས་དབུལ་པོ་དབུལ་ནག་སེལ་ཆེད་འབད་བརྩོན་ཆེན་པོ་བྱས་པར་ང་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་།

ངས་དུས་རབས་གོང་མའི་ལོ་རབས་60པའི་དུས་འགོ་ནས་ཀྲུང་གོ་ཤེས་རྟོགས་བྱས་པ་ཡིན། དེ་སྔ་ཀྲུང་གོར་ལོ་30འཚོ་བ་བསྐྱལ་མྱོང་བའི་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱིས་ཀྲུང་གོར་འཚོ་བ་བསྐྱལ་བའི་སྐོར་གླེང་མྱོང་ཡོད་ལ། རི་འགོག་དམག་འཁྲུག་སྐབས་ཀྲུང་གོ་མི་དམངས་ཀྱི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་མོད། འོན་ཀྱང་དཔའ་ངར་ཞུམ་མེད་ངང་བཙན་འཛུལ་པར་རྒོལ་ལན་མཐའ་གཅིག་ཏུ་བསློགས་པའི་ཀྲུང་གོའི་གཏམ་རྒྱུད་ཀྱང་བརྗོད་མྱོང་ཡོད། 1979ལོར་སློབ་ཆེན་ཐོན་རྗེས་ང་ཀྲུང་གོར་ཡོང་བ་ཡིན། སྐབས་དེ་དུས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་སྤོས་མ་ཐག་རེད། འདས་ཟིན་པའི་ལོ་40ལྷག་ཙམ་ནང་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད།

དུས་རབས་གོང་མའི་ལོ་རབས་80པའི་དུས་དཀྱིལ་དུ་ང་འཛམ་གླིང་དངུལ་ཁང་དུ་ལས་ཀ་བྱེད་པར་ཕྱིན་པ་ཡིན། དེ་དུས་ནས་བཟུང་ངས་ཀྲུང་གོའི་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་དང་དབུལ་པོ་ཐོན་ཚད་ཉུང་དུ་ཕྱིན་པའི་སྐོར་གྱི་གནས་ཚུལ་ཟམ་མི་ཆད་པར་ཤེས་རྟོགས་བྱུང་། 2010ལོར་ང་ཀྲུང་གོར་ཡོང་བའི་གོ་སྐབས་ཤིག་བྱུང་བ་དང་སྡོད་ཁང་དང་གཞུང་ལས་ཐོག་ཁང་གསར་རྐྱང་གང་སར་མཐོང་རྒྱུ་ཡོད་པ་མ་ཟད། སྤྲོ་གསེང་རོལ་རྩེད་དང་འཚོ་བའི་ཞབས་ཞུའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། གྲོང་ཁྱེར་མང་པོ་ཞིག་ཏུ་སྟབས་བདེ་ལ་ཕན་འབྲས་ཆེ་བའི་ས་འོག་ལྕགས་ལམ་དང་མྱུར་བགྲོད་ལྕགས་ལམ་ཡོད་པ་མ་ཟད། གྲོང་ཁྱེར་འབྲིང་ཆུང་ཁ་ཤས་སུ་དེང་རབས་ཅན་གྱི་གནམ་ཐང་གསར་པའང་ཡོད། གྲོང་ཁྱེར་དང་གྲོང་གསེབ་གང་ཡིན་རུང་ཀྲུང་གོའི་མི་སེར་གྱི་ཟས་གོས་འགྲོ་སྡོད་ཚང་མར་འགྱུར་ལྡོག་ཆེན་པོ་ཕྱིན་འདུག

སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱིས་དུས་མཚུངས་ཀྱི་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་མི་འབོར་གྱི་70%ཡན་བཟུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོ་སྲིད་གཞུང་གིས་དབུལ་པོ་ཉུང་གཏོང་གི་དམིགས་ཚད་དང་སྲིད་ཇུས་བཟོ་བ་དང་འབྲེལ་དཀའ་སྤྱད་དངོས་སྒྲུབ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་བསལ་ནས་ལོ་བཅུའི་གོང་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ》གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱུང་བ་དེ་ནི་ཧང་སངས་དགོས་པའི་གྲུབ་འབྲས་ཤིག་རེད། ད་ཆ་ཀྲུང་གོས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་ཆེད་སྔར་བཞིན་འབད་བརྩོན་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་ཀྲུང་གོས་རྒྱལ་ཁབ་གཞན་དང་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དེས་ལམ་རྒྱུད་རྒྱལ་ཁབ་ལ་ཕན་པ་ཆེན་པོ་ཐོབ་ནས་རྒྱལ་ཁབ་དེ་བས་མང་བར་དབུལ་ཕོངས་ཉུང་དུ་གཏོང་རོགས་བྱས་ཡོད། འཛམ་གླིང་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུ་ལས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དེས་ཉིན་རེའི་ཆ་སྙོམས་འཚོ་བའི་འགྲོ་གྲོན་ཨ་སྒོར་3.2ལས་དམའ་བའི་མི་ཁྲི་3200ལྷག་ཙམ་དབུལ་པོའི་གནས་ལས་བསྒྲལ་བ་མངོན་ཡོད། མིག་སྔར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཚད་གཞི་མཐོ་ལ་རྒྱུན་མཐུད་ཆོག་པའི་ངང་དམངས་འཚོར་ཕན་འདོགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ཁོར་ཡུག་སྦགས་བཙོག་དང་། གནམ་གཤིས་འགྱུར་ལྡོག སྐྱེ་དངོས་སྣ་མང་རང་བཞིན་མེད་པར་འགྱུར་བ་སོགས་མི་འབོར་དབུལ་པོར་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཟོ་བའི་རྒྱུ་རྐྱེན་དཔྱད་ཞིབ་ཚད་འབེབས་ནང་བཅུག་པས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

ཀྲུང་གོས་2030ལོའི་གོང་ཐཱན་ཚད་མཐོ་ཤོས་མངོན་འགྱུར་དང་2060ལོའི་གོང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དེ་ནི་ཀྲུང་གོས་དཔལ་འབྱོར་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་གཞན་ཞིག་རེད། དམིགས་ཚད་དེ་མངོན་འགྱུར་བྱེད་པར་མཁོ་བའི་ནུས་རྒྱུ་གཙང་མའི་མ་འཇོག་གིས་ཀྲུང་གོར་ཕན་པ་ཐོབ་རྒྱུ་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་མ་གནས་དམའ་རུ་གཏོང་རྒྱུར་ཡང་ཕན་པ་ཐོབ་རྒྱུ་ཡིན་པ་རེད།

(རྩོམ་པ་པོ་ནི་འཛམ་གླིང་ཐོན་ཁུངས་ཞིབ་འཇུག་ཁང་གི་གོ་ལ་ཧྲིལ་པོའི་བརྒྱུད་སྤེལ་སྤྱི་ཁྱབ་གཞོན་པ་ཡིན་པ)