འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་པོ་དང་བཅོས་སྒྲིག་བྱས་ནས་གྲངས་འཛིན་དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་འགན་ལེན་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆེད། 2021ལོར་སྤྱི་བདེ་པུས་རྒྱལ་ཡོངས་སུ“དྲ་གཙང”གི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་བ་རེད།
གསར་འགོད་པས་སྤྱི་བདེ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། “དྲ་གཙང་2021”ཡི་ཆེད་དོན་བྱ་སྤྱོད་ཀྱིས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་བ་དང་། ཧེག་པས་ཚུར་རྒོལ་གཏོར་བཤིག་གཏོང་བ། ཁྲིམས་དང་མ་མཐུན་པའི་སྒོ་ནས་ལྐོག་ཉན་དང་ལྐོག་ཏུ་པར་ལེན་གྱི་ཆེད་སྤྱོད་ཡོ་བྱད་བཟོ་ཚོང་དང་བེད་སྤྱོད་པ་སོགས་མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་སྐྱེ་བའི་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་གཙོ་གནད་རྡུང་རྡེག་བཏང་བ་དང་། ལོ་ཧྲིལ་པོར་གྱོད་གཞི་ཁྲི་6.2ལྷག་ཙམ་ལ་མྱུལ་ཞིབ་སྒྲུབ་གཉེར་བྱས་པ་དུས་མཚུངས་ལས་10.7%འཕར་བ་དང་། ཉེས་གསོག་དོགས་ཅན་ཁྲི་10.3ལྷག་ཙམ་བཟུང་བ་དུས་མཚུངས་ལས་28.7%འཕར་བ། ཁྲིམས་འགལ་དྲ་སྦྲེལ་ཁེ་ལས་དང་ཚན་པ་ཁྲི་2.7ལྷག་ཙམ་ལ་སྲིད་འཛིན་ཆད་པ་བཅད་ནས་དྲ་རྒྱའི་ཁོར་ཡུག་གི་བདེ་འཇགས་དང་དྲ་ཐོག་གི་སྒྲིག་ལམ་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།