《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

སྤྱི་བདེ་པུས་2022ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་བདེ་འཇགས་སྐོར་དྲན་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ཟླ་1ཚེས་17ཉིན་ནས་འགོ་ཚུགས་རྒྱུ་རེད། ཚེས་14ཉིན། སྤྱི་བདེ་པུས་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་བདེ་འཇགས་ཐད་ལ་དྲན་སྐུལ་བྱས་པར་གཞིགས་ན། གུང་གསེང་གཏོང་བ་དང་སློབ་འགོ་ཚུགས་པ་དང་། ཕ་ཡུལ་དང་ལས་གནས་སུ་ལོག་པ། ཕྱིར་སྐྱོད་བཅས་དུས་ཀྱི་འཚང་གཡོལ་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་འགྲོ་སྐྱོད་བྱེད་ཚད་བལྟོས་བཅས་ཀྱིས་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་ས་ཁུལ་ཁག་གཅིག་དང་གཙོ་གནད་དུས་མཚམས་སུ་མི་དང་། རླངས་འཁོར། ཟོག་འགྲེམས་བཅས་སྔར་བཞིན་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པས། འགྲིམ་འགྲུལ་འགག་པ་དང་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བ་དང་ཐོན་མང་བ་ཡོད།

སྤྱི་བདེ་པུས་དྲན་སྐུལ་བྱས་དོན། སྒེར་འཁོར་བཏང་ནས་འགྲོ་སྐྱོད་བྱེད་སྐབས་འགྲོ་སྐྱོད་ལམ་ཐིག་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས་པ་དང་། རླངས་འཁོར་གཏོང་སྐབས་སེམས་ནུས་གཅིག་སྒྲིལ་བྱས་ཏེ་མྱུར་ཚད་ལས་བརྒལ་ནས་འགྲོ་སྐྱོད་དང་། ཆང་བཏུངས་འཁོར་གཏོང་། ར་བཟི་འཁོར་གཏོང་བཅས་བྱེད་མི་རུང་བ་དང་། མྱུར་བགྲོད་གཞུང་ལམ་དུ་སྐྱོད་སྐབས་བདེ་འཇགས་ཀྱི་བར་ཐག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ལས་རང་དགར་རླངས་འཁོར་གྱི་བར་དུ་མི་འཛུལ་བ་དང་འཕྲལ་སྡོམ་འཁོར་ལམ་མི་བཟུང་བ། ལས་འཛོལ་ཐོན་སྐབས“རླངས་འཁོར་ཟུར་དུ་འཇོག་པ་དང་། མི་དེ་གར་མི་སྡོད་པ། འཕྲལ་མར་ཉེན་བརྡ་གཏོང་བ”བཅས་བྱེད་དགོས། གྲོང་གསེབ་ཀྱི་འགྲོ་ལམ་དུ་སྐྱོད་སྐབས་རླངས་འཁོར་གྱི་མྱུར་ཚད་དལ་དུ་བཏང་ནས་འགྲོ་མི་སྔོན་ལ་གཏོང་དགོས། གནམ་གཤིས་ངན་དུས་འགྲོ་སྐྱོད་བྱེད་སྐབས“མྱུར་ཚད་དལ་དུ་གཏོང་བ་དང་། བར་ཐག་ལ་ཚོད་འཛིན་བྱེད་པ། རྒྱབ་གློག་གསལ་དུ་གཏོང་བ”བཅས་བྱེད་པ་དང་། གྱེན་གཟར་པོ་དང་གངས་འཁྱགས་ཐེབས་པའི་ལམ་བུ་བརྒྱུད་སྐབས་སྔོན་ལ་མྱུར་ཚད་དལ་དུ་གཏོང་བ་དང་། འཕྲལ་མར་ཁ་ཕྱོགས་བསྒྱུར་བ་ཁ་བཀག་མི་རུང་། འགྲུལ་སྐྱེལ་རླངས་འཁོར་བསྡད་དེ་འགྲོ་སྐྱོད་བྱེད་སྐབས་ཚད་ལྡན་གྱི་འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་དགོས་པ་དང་ལམ་ཐག་ཧྲིལ་པོར་བདེ་འཇགས་ཐག་པ་འདོགས་དགོས་ཤིང་། “ལག་ཁྱེར་མེད་པའི་རླངས་འཁོར”དང་འགྲུལ་པ་ཚད་ལས་བརྒལ་བའི་འགྲུལ་སྐྱེལ་རླངས་འཁོར་ནང་སྡོད་མི་རུང་། གལ་ཏེ་ཁྲིམས་འགལ་གྱི་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་རང་འགུལ་ངང་ཐེར་འདོན་བྱེད་དགོས།