འདི་ག་ཚགས་པར་ཁང་དུ་གྲ་ནང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གྲ་ནང་རྫོང་ཁྲིམས་འཛིན་ཅུས་ཀྱིས་གཞི་རིམ་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དགོས་མཁོར་དམིགས་ནས་མང་ཚོགས་ལ་འཚམ་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་ཇུས་གཞི་བཟོས་པ་དང་། སྒྲོག་འགྲེལ་རུ་ཁག་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཏུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་བཏོན་པའི“ཁྲིམས་ལུགས་ཁྱབ་གདལ་གྱི་དགོས་མཁོའི་གསལ་ཐོ”དེ“ཁྲིམས་ལུགས་ཞབས་ཞུའི་གསལ་ཐོར”བསྒྱུར་ནས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི“སེམས་ཁྲལ་བྱེད་ས་དང་། དཀའ་ངལ། རེ་སྒུག་བྱེད་ས”བཅས་ཀྱི་གནད་དོན་ལ་བློ་རྩེ་གཅིག་སྒྲིམ་ངང་ལན་བཏབ་པ་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཧུར་ཐག་བཏང་ཡོད།
སྒྲོག་འགྲེལ་རུ་ཁག་གིས་ས་གནས་དེ་གའི་ཡུལ་སྐད་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་གསོན་ཉམས་ལྡན་པའི་གྱོད་དཔེར་བརྟེན་ནས། 《དམངས་དོན་ཁྲིམས་གཞུང》ནང་གསར་དུ་བསྣན་པའི་ནང་དོན་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེན་སྒྲིག་གི་གནད་དོན་དང་། ཁྱིམ་མཚེས་དབར་གྱི་རྩོད་གཞི། ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་སོགས་ལ་དམིགས་ནས་སྒྲོག་འགྲེལ་བྱས་པ་དང་འབྲེལ། ཞིང་འབྲོག་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁྲིམས་ལུགས་ཀྱི་གནད་དོན་ལ་ལན་ཧུར་ཐག་བརྒྱབ་སྟེ《དམངས་དོན་ཁྲིམས་གཞུང》མང་ཚོགས་ཀྱི་ཁྲོད་དུ་དངོས་འབྲེལ་དྲིལ་བསྒྲགས་དང་། མང་ཚོགས་ཀྱི་སེམས་སུ་ཟུག་པ། མང་ཚོགས་ཀྱི་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པ་བཅས་བྱས་ནས། ཞིང་འབྲོག་མང་ཚོགས་ལ་གནས་ཚུལ་འཕྲད་དུས་ཁྲིམས་ཀྱི་གཞི་འཛིན་ས་འཚོལ་བ་དང་། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་ལ་བསྟུན་པ་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁྲིམས་སྐྱོང་གི“ས་བོན”གང་སར་བཏབ་ཡོད།
སྒྲོག་འགྲེལ་མཇུག་འགྲིལ་རྗེས། དྲིལ་བསྒྲགས་མི་སྣ་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ལས་མིའི་གླ་ཆ་དང་སྐྱེལ་འདྲེན་གྱི་བདལ་གླ་འགྱངས་ཆད་སོགས་འབྲེལ་ཡོད་བཅའ་ཁྲིམས་གནད་དོན་ལ་ས་གནས་ས་ཐོག་ཏུ་ལན་བརྒྱབ་སྟེ། དཔང་རྟགས་འཚོལ་བསྡུ་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དེ་བས་ལེགས་པ་བྱེད་དགོས་པའི་ཐད་ཁོང་ཚོར་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག གྲོང་མིར་དམངས་ཕན་འབྲེལ་གཏུག་གཱ་སྤྲད་ནས་གྲོང་མིར་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཐག་གཅོད་བྱེད་རོགས་དགོས་པའི་བཅའ་ཁྲིམས་ཀྱི་གནད་དོན་འཕྲད་ཚེ་ཁ་པར་ནས་བློ་འདྲི་བྱེད་ཆོག་ལུགས་གསལ་བཤད་བྱས་པ་རེད།