འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་ཤུགས་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་ཁ་བསླུས་ཤེས་རྟོགས་དང་། ཁ་བསླུས་སྔོན་འགོག ཁ་བསླུས་མི་ཐེབས་པ་བྱེད་པ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མང་ཚོགས་ཀྱི“དངུལ་ཁུག”ཡག་པོ་བསྲུངས་ཡོད། སྨྱན་སྦྱོར་གསར་པ་བེད་སྤྱོད་གང་ལེགས་དང་དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་བྱས་ནས་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་ཀྱི་ཚ་རླབས་གསར་པ་ཞིག་ཕྱོགས་ཡོངས་ནས་འཕྱུར་བར་བྱས་ཡོད།
དྲ་ཐོག་ཏུ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཚོས་དྲ་རྒྱའི་ལས་སྟེགས་བརྒྱུད་ཁ་བསླུས་ལ་ངོ་རྒོལ་གྱི་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་ཐོན་མང་བའི་དཔེ་མཚོན་གྱི་ཁ་བསླུས་གྱོད་གཞིར་ཕྱོགས་སྡོམ་ནན་ཏན་བྱས་པ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་བཟོ་གྲྭ་དང་། ལས་རིགས་ས་ཆ། བོགས་གཏོང་ཁང་པའི་ཁང་བདག་སོགས་ཀྱི་སྐད་འཕྲིན་ལས་དོན་ཚོགས་པར་དུས་ཐོག་ཏུ་འོས་སྦྱོར་བྱས་པ། ཚན་པ་ཁག་དང་ས་གནས་ཁག་གི་དོ་བདག་ལ་འཕྲལ་མར་དྲིལ་བསྒྲགས་ཤེས་བྱ་ལས་མི་ཚང་མར་བརྒྱུད་བསྒྲགས་བྱེད་རྒྱུའི་སྐུལ་འདེད་བཏང་བ་བཅས་བྱས་ཏེ། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་རང་ངོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཆབས་ཅིག ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཉེ་འགྲམ་གྱི་མི་ཚང་མར་མཉམ་སྤྱོད་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
དྲ་གཤམ་དུ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་དང་། ཁུལ་ཆུང་། ཚན་པ་སོགས་སུ་བསྐྱོད་དེ་མང་ཚོགས་ལ་ཁ་ཕྱོགས་ནས་ཉེ་དུས་གྱོད་གཞི་ཐོན་པའི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། རྒྱུན་མཐོང་གི་ཁ་བསླུས་རྒྱག་སྟངས་ལ་དམིགས་ཏེ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་པར་གཞི་སྟོན་པ། ཤེས་བྱའི་ནང་དོན་དྲིལ་བསྒྲགས་བཅས་བྱས་པར་བརྟེན་མང་ཚོགས་ལ་རྒྱུན་མཐོང་གློག་འཕྲིན་ཁ་བསླུས་ཀྱི་རིགས་དང་། ཁ་བསླུས་རྒྱག་སྟངས། ཉེས་གསོག་གི་ཁྱད་ཆོས་བཅས་དང་དེ་བཞིན་གློག་འཕྲིན་ཁ་བསླུས་ལ་དབྱེ་འབྱེད་བྱེད་ཐབས་ཆུང་གྲས་ངོ་སྤྲོད་བྱས་ཏེ་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པའི་བརྩོན་ལེན་བྱས་པ་དང་ཆབས་ཅིག གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་བྱེད་སྒོའི་བར་མཐོངས་ཆུང་དུ་གཏོང་གང་ཐུབ་བྱས་ནས་ཉེན་རྟོག་པ་དང་མི་དམངས་མཉམ་འབྲེལ་གྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་མཁར་རྫོང་བརྟན་དུ་བཏང་ཡོད།
ཁེ་ལས་ཀྱི་ཚོགས་སྤྱིར་དམིགས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཁེ་ལས་སུ་བསྐྱོད་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། ཚོགས་སྤྱི་མི་འདྲ་བར་གཞིགས་ནས་འབྲེལ་ཡོད་གྱོད་གཞིར་གསལ་འགྲེལ་བྱས་པས་དོགས་ཟོན་བྱེད་པའི་ཕན་འབྲས་ཐོན་པ་དང་དུས་མཚུངས་མི་དམངས་ཉེན་རྟོག་པས“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”APPཡི་གཞི་རྩའི་བྱེད་ནུས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ་ཚང་མར་ཕབ་ལེན་དང་ཐོ་འགོད་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།
གནོད་འཚེ་ཕོག་མཁན་ལ་མགོ་སྐོར་ཐེངས་གཉིས་པ་མ་ཐེབས་སྔོན་འགོག་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་གྱོད་གཞིར་ལན་སློག་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་བཀག་སྡོམ་བསླབ་བྱ་དང་བཀག་འགོག་གི་ཕན་འབྲས་སྔར་བས་ཆེ་རུ་བཏང་ཡོད།
དེ་དང་ཆབས་ཅིག སྡེ་ཁུལ་ཁག་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཁ་བསླུས་ཀྱི་གནོད་འཚེ་ཕོག་མཁན་དོ་བདག་རེ་རེའི་ཁྱིམ་དུ་བསྐྱོད་ནས་བཅར་འདྲི་དང་ཁ་པར་བརྒྱབ་སྟེ་གནོད་འཚེ་ཕོག་མཁན་གྱི་གཞི་རྩའི་ཆ་འཕྲིན་དང་། ཁ་བསླུས་ཤོར་བའི་རྒྱུ་རྐྱེན། ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་དང་ལེན་བྱས་མིན། སྔོན་ཚུད་གྱི་ཉེན་བརྡ་དང་ལེན་བྱས་མིན་བཅས་ཤེས་རྟོགས་བྱས་པ་དང་འབྲེལ་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་དོ་སྣང་བྱེད་དགོས་པའི་བྱེད་ཐབས་བསླབས་པ་དང་ཁོང་ཚོར་དུས་ཐོག་ཏུ་ལག་ཐོགས་ཁ་པར་ཐོག་ཁ་བསླུས་དང་འབྲེལ་བ་ཡོད་པའི་APPསོགས་རྟོག་བཟོའི་ལས་སྟེགས་སུབ་རྒྱུའི་ཁྲིད་སྟོན་བྱས་ཏེ་སླར་ཡང་མགོ་སྐོར་མི་ཐེབས་པ་བྱས་ཡོད།
བཅར་འདྲི་བྱེད་རིང་མི་དམངས་ཉེན་རྟོག་པས་ད་དུང་དྲིལ་བསྒྲགས་ལས་དོན་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས་གནོད་འཚེ་ཕོག་མཁན་ཉེ་འཁོར་གྱི་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཏེ་དཔེ་མཚོན་གྱི་གྱོད་དཔེ་དྲངས་ནས་མང་ཚོགས་ལ་བདེ་འཇགས་དོགས་ཟོན་གྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་ད་དུང་ཉེ་དུས་རྒྱུན་མཐོང་གི་དྲ་རྒྱའི་དངུལ་བུན་དང་། སྤྱི་བདེ་དང་ཞིབ་དཔྱོད་ཁྲིམས་ཁང་བཅས་སུ་བརྫུས་པ་སོགས་གློག་འཕྲིན་ཁ་བསླུས་གྱོད་གཞིའི་ཉེས་གསོག་བྱ་ཐབས་གསལ་འགྲེལ་བྱས་ནས་མང་ཚོགས་ལ་རིགས་པ་དྭངས་གསལ་དང་དོགས་ཟོན་ཆེར་སྐྱེད་ཀྱིས་བསམ་བློ་ཡང་ཡང་བཏང་ནས་དོགས་པ་ཡོད་པའི་གནས་ཚུལ་འཕྲད་སྐབས་ནང་མིར་འཕྲལ་མར་འབྲེལ་གཏུག་བྱས་ཏེ་མི་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།