《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ཁ་ལོ་བས་ཆང་རག་བཏུངས་ནས་རླངས་འཁོར་བཏང་བས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ།

ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་བཅིངས་འགྲོལ་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པ་རེད། བཅོས་སྒྲིག་བྱེད་རིང་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་གི་ཁ་ལོ་བའི་བྱེད་སྟངས་ཏག་ཏག་བསྡད་མེད་པ་མ་ཟད། ད་དུང་ཁ་ནས་ཆང་དྲི་ཁ་བས། འཕྲལ་མར་ཁ་ལོ་བ་དེར་ཨ་རག་གི་ཉིང་ཁུ་འདུས་ཚད་བརྟག་དཔྱད་ཚད་ལེན་བྱས་པར། ཐེངས་དང་པོར་62mg/100mlདང་ཐེངས་གཉིས་པར་53mg/100mlཟིན་པ་བརྟག་དཔྱད་ཐུབ་པ་རེད།

འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བས་ཆང་རག་བཏུངས་ནས་རླངས་འཁོར་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ཏེ། གྲོང་ནུབ་རུ་ཆེན་གྱིས་འཕྲལ་མར་གཉེར་སྐྱོང་ཀུང་སི་དེའི་འགན་འཁུར་བར་འབྲེལ་བ་བྱས་ནས་སྐོང་འདྲི་བྱས་པ་དང་། ཀུང་སིའི་འགན་འཁུར་བར་བྱེད་པོའི་འགན་འཁྲི་འཁུར་དུ་བཅུག་ནས་ཁ་ལོ་བ་དང་དེ་བཞིན་རླངས་འཁོར་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། རླངས་འཁོར་གཏོང་བར་ཆ་རྐྱེན་ལྡན་མེད་པའི་ཁ་ལོ་བ་དང་སྐྱོན་ཡོད་པའི་རླངས་འཁོར་གཏོང་རྒྱུ་གཏན་འགོག་དང་། ཁ་ལོ་བར་དོ་དམ་དང་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སློབ་གསོ་བརྒྱབ་སྟེ་ཆང་བཏུངས་འཁོར་གཏོང་དང་། ངལ་དུབ་འཁོར་གཏོང་། མི་དང་དོ་པོ་ཚད་ལས་བརྒལ་ནས་བླུགས་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་འབྱུང་རྩ་ནས་མི་ཐོན་པའི་བླང་བྱ་བཏོན་པ་དང་སྦྲགས། ཀུང་སི་དེར་དག་ཐེར་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད།

ཁ་ལོ་བ་བསོད་ཆེ་གེ་མོས་ཆང་རག་བཏུངས་ནས་རླངས་འཁོར་བཏང་བས། ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱ་རྒྱུ་དང་། དངུལ་ཆད་སྒོར་ལྔ་སྟོང་གཏོང་རྒྱུ། ཁ་ལོ་བའི་ལག་ཁྱེར་རྩིས་མེད་དུ་བཏང་ནས་ལོ་ལྔའི་རིང་ལག་ཁྱེར་ལེན་མི་ཆོག་པའི་ཆད་པ་བཅད་པ་རེད།