《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས།

ལོ་གསར་སླེབས་གྲབས་ཡོད་པས་ཁ་བསླུས་ལ་དོགས་ཟོན་བྱེད་རྒྱུར་དྲན་སྐུལ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལོ་གསར་སླེབས་གྲབས་ཡོད་པས་ཚང་མས་ལོ་ཧྲིལ་པོའི་གྲུབ་འབྲས་སེམས་ལ་བཅངས་ནས་ནང་མི་དང་སྤྲོ་སྣང་མཉམ་སྤྱོད་ཀྱི་གྲ་སྒྲིག་བྱེད་པ་དང་ཆབས་ཅིག་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་བྱེད་དགོས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་ཇི་ལྟར་བྱེད་དགོས་སམ། མང་ཚོགས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་ཚེ་ཇི་ལྟར་བྱེད་དགོས་སམ་ཞེ་ན།

རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་འགན་འཁུར་བ་བསྟན་འཛིན་དངོས་གྲུབ་ཀྱིས་དྲན་སྐུལ་བྱས་དོན། “རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས‘རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས’ཀྱི་APPཕབ་འཇུག་དང་། ཐོ་འགོད། བེད་སྤྱོད་བཅས་ཧུར་ཐག་བྱས་ཏེ་སྤྱི་བདེ་ལས་ཁུངས་ཀྱི་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། ཁ་བསླུས་ངོ་རྒོལ་གྱི་ཤེས་བྱར་སློབ་སྦྱོང་ཧུར་ཐག་བྱས་ནས‘མི་བྱེད་པ་གསུམ་དང་ཞིབ་བསྡུར་གཅིག’ཐུབ་དགོས་པ་སྟེ། རྒྱུས་མངའ་མེད་པའི་དྲ་ཚིགས་ཁ་མི་ཕྱེ་བ་དང་། རྒྱུས་མངའ་མེད་པའི་ཁ་པར་ལ་ཡིད་ཆེས་མི་བྱེད་པ། མི་སྒེར་གྱི་ཆ་འཕྲིན་ཕྱིར་མི་གྱར་བ། དངུལ་ཁོངས་གཱ་ནས་དངུལ་བསྐུར་སྐབས་ཞིབ་བསྡུར་མང་ཙམ”བཅས་བྱེད་དགོས། དེ་དང་ཆབས་ཅིག་གལ་ཏེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འཕྲད་ཚེ་མགོ་སྐོར་ཐེབས་པའི་མང་ཚོགས་ཀྱིས་གཤམ་གསལ་གྱི་བྱ་ཐབས་སྤྱད་ནས་ཁ་གཏད་གཅོག་དགོས་པ་སྟེ། གཅིག་ནས་འཕྲལ་དུ་གྱོད་དོན་སྙན་སེང་ཞུ་དགོས་ཤིང་། 110ལ་ཁ་པར་རྒྱག་པའམ་ཉེན་རྟོག་ལས་ཁུངས་ཀྱི་སྒོ་ཁར་བསྐྱོད་པའི་བྱ་ཐབས་སྣ་ཚོགས་བརྒྱུད་གྱོད་དོན་སྙན་སེང་ཞུ་དགོས་པ་དང་། གཉིས་ནས་ཁ་བསླུས་ངོ་རྒོལ་ལྟེ་གནས་སམ་ཡང་ན་གྱོད་སྒྲུབ་སྡེ་ཚན་ལ་མགོ་སྐོར་གཏོང་མཁན་གྱི་རྩིས་ཁྲའི་མིང་དང་། རྩིས་ཐོའི་ཨང་གྲངས། དངུལ་བཅོལ་ཐོ་ཁུངས་ཀྱི་ཆ་འཕྲིན། ཉོ་ཚོང་ཐོ་འགོད། ཕན་ཚུན་གླེང་མོལ་བྱས་པའི་གནས་ཚུལ་སོགས་དུས་ཐོག་དང་ཡང་དག་པའི་སྒོ་ནས་གོང་ལ་ཞུས་ཏེ་ལས་དོན་མི་སྣས་འཕྲལ་དུ་ཛ་དྲག་གི་དངུལ་གཏོང་མཚམས་འཇོག་པའམ་དེའི་ཐོ་ཁོངས་བསྡམས་བཅད་བྱེད་རྒྱུར་རེ་ཞུ་འབུལ་དགོས་པ། གསུམ་ནས་རང་གི་རྩིས་ཁྲ་དང་དངུལ་ཁང་གཱ་དེ་གཱ་གཉེར་མཁན་དངུལ་ཁང་གི་ཚོང་མགྲོན་ཞབས་ཞུ་བརྒྱུད་བོར་བརླག་སོང་བའི་སྙན་སེང་ཞུས་ཏེ་བསྡམས་བཅད་བྱེད་དགོས་པ། བཞི་ནས་མྱུལ་ཞིབ་ལས་ཁུངས་ཀྱིས་མྱུལ་ཞིབ་ལས་དོན་སྤེལ་བར་གཞོགས་འདེགས་ཧུར་ཐག་བྱེད་དགོས།

རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་མགོན་པོ་དངོས་གྲུབ་ཀྱིས། “རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPནི་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་རྒྱལ་ཁབ་དྲ་སྦྲེལ་འཕྲལ་སྡོམ་ལྟེ་གནས་དང་མཉམ་དུ་ཞིབ་སྤེལ་བྱས་པའི་ཆེད་མངགས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་དམིགས་པའི་ལག་ཐོགས་ཁ་པར་གྱི་དུད་སྣེ་ཞིག་ཡིན་པས། ཁ་པར་སླེབས་པའི་སྔོན་ཚུད་ཉེན་བརྡ་དང་། འཕྲིན་ཐུང་གི་སྔོན་ཚུད་ཉེན་བརྡ། ལག་ཐོགས་ཁ་པར་གྱི་དོགས་ཡོད་APPརང་བཤེར། གཏོང་སྤྲོད་ཀྱི་སྤྱི་ཚོགས་འབྲེལ་བའི་ཉེན་ཁ་འདྲི་རྩད། གྱོད་དོན་སྙན་སེང་གི་ལས་རོགས་སོགས་སྤྱོད་གོ་ཆོད་པའི་ནུས་པ་ལྡན་པས། མང་ཚོགས་ཀྱི་ལག་ཐོགས་ཁ་པར་དུ་ཁ་བསླུས་དང་མགོ་སྐོར་སྔོན་འགོག་གི“འགོག་སྲུང་གྱང”དེ་འཛུགས་གང་ཐུབ་བྱེད་དགོས་ཞེས་ངོ་སྤྲོད་བྱས།

རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། “རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཕབ་འཇུག་དང་། ཐོ་འགོད། བེད་སྤྱོད་བཅས་བྱེད་སྐབས་འཕྲལ་དུ་ཁ་པར་གྱི་སྔོན་ཚུད་ཉེན་བརྡ་དང་འཕྲིན་ཐུང་གི་སྔོན་ཚུད་ཉེན་བརྡ་གཏོང་བའི་ནུས་པ་བེད་སྤྱོད་བྱེད་དགོས།