《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱིས་དོ་བདག་ལ“དྲ་ཐོག་ནས་འདུམ་འགྲིག”བྱེད་རྒྱུར་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་12309རྒྱང་ཁྲིད་བརྙན་ལམ་གྱི་ངོ་བཅར་མ་ལག་བརྒྱུད། ཁང་པ་བོགས་གཏོང་གི་གན་རྒྱའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་ནས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་དོ་བདག་ཕྱོགས་གཉིས་པོར“དྲ་ཐོག་ནས་འདུམ་འགྲིག”བྱས་པ་རེད།

གྱོད་དོན་འདིའི་ཞིབ་ཕྲའི་གནས་ཚུལ་ནི། ཀུའོ་ཆེ་གེ་མོ་དང་བཟའ་ཟླ་ཝང་ཆེ་གེ་མོས་རྡོ་ཆེ་གེ་མོའི་ཁང་པ་ལོ་བཅུ་ལྷག་ཙམ་བོགས་མར་བླངས་པ་དང་། ཕྱིས་སུ་ཁང་གླ་ཆད་རྐྱེན་ཝང་ཆེ་གེ་མོ་དང་རྡོ་ཆེ་གེ་མོའི་དབར་ཆད་འཛིན་དང་བྱུང་འཛིན་བཞག་པ་དང་སྐད་འཕྲིན་གླེང་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁང་གླ་སྒོར་ཁྲི་11ལྷག་ཙམ་ཆད་པ་གཏན་འཁེལ་བྱས། 2019ལོའི་ཟླ་12ཚེས་7ཉིན། འགྲིམ་འགྲུལ་ལས་འཛོལ་ཐོན་ནས་ཝང་ཆེ་གེ་མོ་ཤི་བས་རྡོ་ཆེ་གེ་མོས་ཀུའོ་ཆེ་གེ་མོར་ཁ་སྔོན་ཆད་པའི་ཁང་གླ་དག་སྤྲོད་དགོས་པའི་རེ་བ་བཏོན་ཡང་འབྲས་བུ་མི་ཐོན་པས་རྡོ་ཆེ་གེ་མོས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། ཁྲིམས་ཁང་གིས་ཁང་གླ་ནི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ཡིན་པའི་གཏན་འཁེལ་བྱས་པ་དང་ཁྲིམས་ཐག་བཅད་རྗེས་ཀུའོ་ཆེ་གེ་མོས་རྡོ་ཆེ་གེ་མོར་ཁང་གླ་སྒོར་ཁྲི་11ལྷག་ཙམ་སྤྲོད་དགོས་ལུགས་བརྗོད། ཀུའོ་ཆེ་གེ་མོས་དཔྱད་མཚམས་ལ་ཡི་མི་རངས་བར་ཞིབ་དཔྱོད་ལས་ཁུངས་ལ་ལྟ་སྐུལ་རེ་ཞུ་ཕུལ།

གྱོད་སྒྲུབ་ཚོགས་ཆུང་གི་ཞིབ་དཔྱོད་དཔོན་གྱིས་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་བྱས་ནས་ཁ་པར་དང་སྐད་འཕྲིན་སོགས་ཀྱི་བྱེད་ཐབས་ཐེངས་མང་བརྒྱུད་ཕྱོགས་གཉིས་པོས་རྩོད་གཞི་ཐག་གཅོད་བྱས་འབྲས་ཀྱི་སྟོན་ཕྱོགས་འཛུགས་རྒྱུའི་ཁྲིད་སྟོན་གྱིས་ཕྱོགས་གཉིས་པོའི་འགལ་ཟླ་རིམ་བཞིན་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བས། ཕྱོགས་གཉིས་པོས་ཞིབ་དཔྱོད་ལས་ཁུངས་ཀྱི་གཙོ་སྐྱོང་འོག་འདུམ་འགྲིག་བྱུང་བ་རེད། ཀུའོ་ཆེ་གེ་མོ་གནས་དེར་མེད་པར་བསམ་བློ་བཏང་རྗེས་ཞིབ་དཔྱོད་དཔོན་གྱིས་རྒྱང་རིང་བརྙན་ལམ་གྱི་ངོ་བཅར་མ་ལག་བརྒྱུད་འདུམ་འགྲིག་ལས་དོན་སྤེལ་རྒྱུའི་ཐག་བཅད། མཐར་བརྙན་ལམ་ནས་དོ་བདག་ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་ཀྱིས《འདུམ་འགྲིག་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། ཀུའོ་ཆེ་གེ་མོས་རྡོ་ཆེ་གེ་མོར་ཁང་གླ་སྒོར་ཁྲི་6སྤྲོད་ཐེངས་གཅིག་ལ་སྤྲད་པ་མ་ཟད། 《ལྟ་སྐུལ་ཕྱིར་འཐེན་གྱི་རེ་འདུན་ཞུ་ཡིག》ཀྱང་ཕུལ་བ་དང་། རྡོ་ཆེ་གེ་མོས《ཁས་ལེན་ཡི་གེ》དང《བྱུང་འཛིན》ལ་མིང་རྟགས་བཀོད་ནས་ཀུའོ་ཆེ་གེ་མོས་ཁང་གླ་ལྷག་མ་རྣམས་སྤྲོད་དབང་མེད་པའི་ཁས་ལེན་བྱས་པ་རེད།

ཕྱོགས་གསུམ་པོ་རྒྱང་ཁྲིད་བརྙན་ལམ་གྱི་འདུམ་འགྲིག་བྱས་རྗེས་ཞིབ་དཔྱོད་དཔོན་གྱིས་རྡོ་ཆེ་གེ་མོ་དང་མཉམ་དུ་ཁྲིམས་ཁང་དུ་བསྐྱོད་ནས་ཁྲིམས་ཁང་གིས་ཀུའོ་ཆེ་གེ་མོ“མིང་ཐོ་ནག་པོ”ནས་བསུབ་རྒྱུ་མ་ཟད་བསྡམས་བཅད་པའི་དངུལ་ཁང་གི་རྩིས་ཁྲའང་གློད་རྒྱུའི་རེ་ཞུ་བྱས་པ་རེད།