《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

གསེར་སྐྱེམས་ལའི“ཉེན་རྟོག་པ”ཡག་ཤོས།

—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་མཱ་ཀྲི་ཏུའོ་ཡི་སྐོར་བཀོད་པ།

ཁོང་གིས་རྐང་ཐང་མར་སྐྱོད་མཁན་གྱི་ཡུལ་སྐོར་བ་མི་ཐེངས་500ལྷག་ཙམ་དང་རླངས་འཁོར་5000ལྷག་ཙམ་ལ་རོགས་སྐྱོབ་བྱས་པ་དང་། ཁོངས་གཏོགས་ཁུལ་དུ་འགྲིམ་འགྲུལ་ཁྲིམས་ལུགས་དྲིལ་བསྒྲགས་ཐེངས་100ལྷག་ཙམ་བྱས་པ། དྲིལ་བསྒྲགས་དཔྱད་གཞི་ཁྲི་8ལྷག་ཙམ་སྤྲོད་པའི་ལས་དོན་ནང་ཞུགས་མྱོང་ཡོད། ཁོང་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་རུ་དཔོན་གཞོན་པ་དང་རིམ་པ་བཞི་པའི་ཉེན་རྟོག་དཔོན་མཱ་ཀྲི་ཏུའོ་རེད།

མཱ་ཀྲི་ཏུའོ་ཡིས་རྟག་ཏུ་རྒྱལ་ལམ་318ཀྱི་ས་བབ་མཐོ་ཚད་སྨི་4728ཟིན་པའི་གསེར་སྐྱེམས་ལའི་རྒྱུད་དུ་སྐོར་གཡེང་ལས་རེས་དང་། ཉེན་སེལ་ཤར་གཏོང་། མང་ཚོགས་རོགས་སྐྱོབ་བཅས་ཀྱི་ལས་ཀ་བྱས་ནས་གཞུང་ལམ་འགྲིམ་འགྲུལ་ལམ་རྒྱུད་དེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་སར་འགྱུར་བ་བྱེད་ཀྱི་ཡོད། ཁོང་ནི་གསེར་སྐྱེམས་ལའི“ཉེན་རྟོག་པ”ཡག་ཤོས་ཤིག་ཡིན།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་ཁོངས་གཏོགས་ཀྱི་གཞུང་ལམ་ནི་ཀྱག་ཀྱོག་མང་བ་དང་། གྱེན་གཟར་བ། གཙང་འགྲམ་ངོགས་སུ་ཆགས་པ་བཅས་ཉེན་ཁ་ཆེ་བའི་ལམ་དུམ་ཤ་སྟག་རེད། ཁོངས་གཏོགས་ཁུལ་གྱི་ལམ་དུམ་དེ་རྒྱལ་ལམ་318རྒྱུད་དུ་གནས་ཡོད་པས་ལོ་གཅིག་དུས་བཞི་ཚང་མར་རླངས་འཁོར་མང་ཞིང་། དབྱར་ཁ་དང་སྟོན་ཁར་རང་བྱུང་གནོད་འཚེ་ཡང་ཡང་ཐོན་པ་དང་། དཔྱིད་དགུན་གཉིས་ལ་ད་དུང་གངས་ཆེན་པོ་འབབ་ཀྱི་ཡོད། མཱ་ཀྲི་ཏུའོ་ཡིས་རྟག་ཏུ་རྒྱལ་ལམ་318རྒྱུད་དུ་ཕར་འགྲོ་ཚུར་འོང་བྱས་ནས་ས་བབ་མཐོ་ཚད་སྨི་4728ཟིན་པའི་གསེར་སྐྱེམས་ལའི་ཞིབ་བཤེར་ས་ཚིགས་113དེ་སྐབས་འཕྲལ་གྱི་ཁྱིམ་ལ་བརྩི་གི་ཡོད། “དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་ཡུལ་ཡིན”འདི་ནི་མཱ་ཀྲི་ཏུའོ་ཡིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་ཡིན། རྟག་ཏུ་མང་ཚོགས་ལ་ཉེན་ཁ་འཕྲད་རིམ་བཞིན་ཁོང་གིས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་ནས་ས་གནས་ས་ཐོག་གི་གནས་ཚུལ་ཤེས་རྟོགས་བྱེད་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་རྩ་འཁོལ་པོས་རོགས་རམ་བྱེད་ཀྱི་ཡོད།

གཞུང་ལམ་འགྲིམ་འགྲུལ་གྱི་དྲ་མིག་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་མཱ་ཀྲི་ཏུའོ་ཡིས་ཁོམ་པ་ཡོད་རིམ་བཞིན་ལས་སྒོའི་ཤེས་བྱ་སློབ་སྦྱོང་བྱས་ནས་རང་ངོས་ཀྱི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་གི་ཡོད། འདི་ལོ་ཁོང་གིས“ས་ཚིགས་གཉིས་ཀྱི་ཁོངས་མི་གཉིས”ལ་གསོ་སྦྱོང་ཐེངས་18བྱས་པ་དང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པར་ལས་སྒོའི་གསོ་སྦྱོང་ཐེངས་10བྱས་ཡོད།

མཱ་ཀྲི་ཏུའོ་ཡིས་སྤྱིར་བཏང་གི་ལས་གནས་ཐོག་སྤྲོ་སེམས་ཆེ་ལ་འཁང་ར་སྤུ་ཙམ་ཡང་མེད་པའི་སྒོ་ནས་འབད་བརྩོན་བྱེད་བཞིན་ཡོད། གསེར་སྐྱེམས་ལར་གནམ་གཤིས་སྐྱོ་པོ་ག་ཚོད་བསྟན་པ་དང་འགྲོ་སྐྱོད་བྱེད་མཁན་གྱི་རླངས་འཁོར་ག་ཚོད་མང་པོ་ཡོད་རུང་ཁོང་གིས་གཟབ་ནན་གྱི་ལས་ཀའི་རྣམ་འགྱུར་ཐོག་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམ་བཅའ་ཡིད་ལ་བརྟན་པོར་འཆང་བཞིན་ལས་དོན་སྒྲུབ་ཀྱི་ཡོད།