《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

སྐྱིད་གྲོང་གི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པས་ནད་པར་ཐོགས་མེད་བགྲོད་ལམ་བཏོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་སྤེལ་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་བཀོད་འདོམས་ལྟེ་གནས་ནས་སྐྱིད་གྲོང་རྫོང་གྲོང་ཞིབ་བཤེར་ས་ཚིགས་ཀྱི་རླངས་འཁོར་ཞིག་ནང་ནད་པ་ཞིག་ཡོད་པ་དེའི་གནས་ཚུལ་ཛ་དྲག་པོ་ཡོད་པས། ཉེན་རྟོག་པས་ཉེན་རྟོག་པའི་རླངས་འཁོར་བཏང་ནས་ནད་པ་བླུགས་པའི་རླངས་འཁོར་རྫོང་གྲོང་དང་གངས་འཁྱགས་ཚབས་ཆེན་ཐེབས་པའི་ལམ་དུམ་ནས་བདེ་བླག་ངང་ཤར་བགྲོད་ཐུབ་རྒྱུར་རོགས་རམ་བྱེད་དགོས་པའི་བཀའ་འབྱོར་བ་རེད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་རྫོང་གྲོང་གི་ཞིབ་བཤེར་ས་ཚིགས་སུ་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་རེད།

“སྐབས་དེ་དུས་དེ་ནི་གཅིན་དུག་ཕོག་པའི་ནད་པ་ཞིག་ཡིན་པ་ཤེས་བྱུང་། དེ་དུས་ཁོང་གཟུགས་པོ་བདེ་པོ་མེད་པའི་རྐྱེན་གྱིས་འཕྲལ་མར་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྐྱེལ་དགོས་ཀྱང་གངས་ཆེན་པོ་བབས་ནས་གཞུང་ལམ་དུ་གངས་གསོག་དང་འཁྱགས་པ་ཐེབས་པའི་སྣང་ཚུལ་ཚབས་ཆེ་བས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་སྲིད་པར་བརྟེན་ཁོང་ཚོར་ང་ཚོས་རོགས་རམ་བྱེད་དགོས་ཀྱི་འདུག”ཅེས་མི་དམངས་ཉེན་རྟོག་པས་བརྗོད།

གནས་ཚུལ་དེ་ངོ་མ་ཡིན་པ་གཏན་འཁེལ་བྱས་རྗེས་མི་དམངས་ཉེན་རྟོག་པས་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་པ་དང་འབྲེལ་ཉེན་རྟོག་པའི་རླངས་འཁོར་གྱིས་ལམ་སྣེ་ཁྲིད་དེ་སྲུང་སྐྱེལ་བྱས་པ་རེད། སྤྱི་ལེ་20ལྷག་ཙམ་གྱི་ལམ་ཐག་དེ་མི་དམངས་ཉེན་རྟོག་པའི་རོགས་རམ་འོག་ཆུ་ཚོད་2ལྷག་ཙམ་ལས་མ་འགོར་བར་ནད་པ་བླགས་པའི་རླངས་འཁོར་བདེ་འཇགས་ལམ་དུམ་དུ་བསྐྱལ་བ་རེད།

“ང་ཚོས་དེ་རིང་ནད་པའི་ནང་མི་དང་འབྲེལ་བ་བྱས་ནས་ཤེས་གསལ། མིག་སྔར་ནད་པ་བདེ་འཇགས་ངང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་སླེབས་ཟིན་པ་དང་། ནད་པ་སྐྱོན་མེད་པས་ང་ཚོ་བློ་བདེ་པོ་བྱུང”ཞེས་སྐྱིད་གྲོང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད།