《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

རང་ལྗོངས་ཀྱིས《མྱུར་སྐྱེལ་བའི་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས།

ཁེ་ལས་ལ་མྱུར་སྐྱེལ་བར་བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེའི་འགན་བཅོལ་ཉོ་དགོས་པའི་ལྕག་སྐུལ་བྱས་པ།

འདི་ནི་ལྷ་ས་གྲོང་ཁྱེར་སྦྲག་སྲིད་མྱུར་སྐྱེལ་བས་མྱུར་སྐྱེལ་བསྐུར་མ་སྐྱེལ་བཞིན་པ།

“སྐུ་ཁམས་བཟང་། ཁྱེད་རང་གི་མྱུར་སྐྱེལ་བསྐུར་མ་སླེབས་འདུག”མྱུར་སྐྱེལ་བའི་ངོས་ནས་བརྗོད་ན། ཁོང་ཚོའི་ཉིན་རེའི་འཚོ་བ་ནི་སྔོན་ནས་ཇུས་འགོད་བྱས་པ་ཞིག་དང་འདྲ་བར། གནམ་གཤིས་ཡག་ཉེས་གང་ཞིག་བསྟན་རུང་ཁོང་ཚོས་མྱུར་སྐྱེལ་བསྐུར་མ་བྱུར་བུར་བླུགས་པའི་རླངས་འཁོར་བཏང་ནས་ཁྲོམ་གཞུང་དང་སྲང་ལམ་གང་སར་བསྐྱོད་དེ་མྱུར་སྐྱེལ་བསྐུར་མ་དུས་ཐོག་དང་བདེ་བླག་ངང་བདག་པོའི་ལག་ཏུ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད། མྱུར་སྐྱེལ་བའི་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ནས་མྱུར་སྐྱེལ་ལས་རིགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན། ལྗོངས་མི་སྤྱི་ཐིང་སོགས་སྡེ་ཚན་དགུ་དང་མཉམ་དུ《མྱུར་སྐྱེལ་བའི་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་མྱུར་སྐྱེལ་བའི་ཁྲིམས་མཐུན་ཁེ་དབང་སྔར་བས་འགན་ལེན་ཐུབ་པར་བྱས་པ་རེད།

ད་ཆ་དྲ་ཐོག་ནས་ཅ་ལག་ཉོ་བ་དེ་རྒྱུན་གཏན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ད་དུང་ཁྲོམ་སྐོར་བའི་དུས་ཚོད་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་ཀྱི་ཡོད། དུས་རབས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དྲ་ཐོག་ཉོ་སྒྲུབ་ཀྱིས་ཀྱང་སྐྱེལ་འདྲེན་ལས་རིགས་དང་མྱུར་སྐྱེལ་ལས་རིགས་སོགས་འབྲེལ་ཡོད་ལས་རིགས་མང་པོ་ཞིག་ལ་སྐུལ་ཁྲིད་བྱས་ཡོད། ལྷག་དོན་དུ་ལོ་ལྟར་གྱི“བཅུ་གཅིག་ཟུང”དང“བཅུ་གཉིས་ཟུང”ཟོག་ཉོའི་དུས་ཆེན་སོགས་ཚོང་ཟོག་བྲིན་སྐུལ་བྱེད་རིང་། བསྐུར་མ་མང་དྲགས་ནས་མཛོད་ཁང་དུའང་མ་གཤོང་བའི་སྣང་ཚུལ་ཡང་སེ་ཐོན་གྱི་ཡོད་པ་རེད། 2021ལོའི“བཅུ་གཅིག་ཟུང་ཟོག་ཉོའི་དུས་ཆེན”རིང་ལྷ་ས་སྦྲག་སྲིད་ཁུལ་ལྟེ་གནས་ཀྱིས་ཆ་སྙོམས་ཉིན་རེར་མྱུར་སྐྱེལ་བསྐུར་མ་ཁྲི་7ལྷག་ཙམ་སྐྱེལ་དགོས་ཀྱི་ཡོད་པ་དང་། མང་ཤོས་སྐབས་ཁྲི་13ཙམ་སྐྱེལ་དགོས་པས་མཚམས་རེ་ནམ་ཕྱེད་བར་འགོར་གྱི་ཡོད་པ་རེད།

རང་ལྗོངས་ཀྱི་མྱུར་སྐྱེལ་ལས་རིགས་ཀྱི་ལས་ཞུགས་མི་སྣ་མགྱོགས་མྱུར་མང་དུ་ཕྱིན་པ་དང་བསྟུན། མྱུར་སྐྱེལ་བའི་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཇི་ལྟར་བྱེད་དགོས་པ་དེ་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཡོད། ཉེ་ཆར། རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན། ལྗོངས་མི་སྤྱི་ཐིང་སོགས་སྡེ་ཚན་དགུ་དང་མཉམ་དུ《མྱུར་སྐྱེལ་བའི་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་སྟེ། མྱུར་སྐྱེལ་བའི་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་འགན་སྲུང་བྱེད་ཚད་མཐོ་རུ་གཏོང་བ་དང་། ལས་རིགས་ཀྱི་མོས་སེམས་ཆེ་རུ་གཏོང་བ། ལས་ཞུགས་ཁོར་ཡུག་ལེགས་སུ་གཏོང་བ། ལས་རིགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད་པ་རེད།

《ལག་བསྟར་བསམ་འཆར》ནང་། མྱུར་སྐྱེལ་བའི་ངལ་རྩོལ་བཅད་གྲངས་ཚད་གཞི་དང་མཐའ་མའི་གྲོན་དངུལ་རྩིས་བཤེར་གྱི་ཕྱོགས་སྟོན་ཞིབ་འཇུག་བྱས་ནས་བཟོས་ཏེ། མྱུར་སྐྱེལ་བ་དཀའ་ལས་ཁག་མི་དྲགས་པ་བྱས་ནས་མྱུར་སྐྱེལ་བའི་གཞི་རྩའི་ངལ་རྩོལ་ཐོབ་ཆ་འགན་ལེན་བྱེད་དགོས། དེ་དང་ཆབས་ཅིག ཐོན་སྐྱེད་དང་། སྐྱེལ་འདྲེན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཞིང་འབྲོག་ཁུལ་གྱི་མྱུར་སྐྱེལ་ཞབས་ཞུའི་སྡེབ་སྐྱེལ་མ་གནས་མཐོ་བ་དང་ཁེ་སྤོགས་ཉུང་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། གཞན་ཡང་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་དང་ལས་རྨས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མྱུར་སྐྱེལ་བ“དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིའི”ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱིས་ཁྲིམས་མཐུན་ངང་ལས་མི་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ལ་བསམ་ཡུལ་ལས་འདས་པའི་མི་ལུས་ཀྱི་གནོད་འཚེ་དང་སྦྱིན་བདག་གི་འགན་འཁྲི་སོགས་ཀྱི་ཚོང་ལས་འགན་བཅོལ་ཉོ་རྒྱུའི་ལྕག་སྐུལ་གཏོང་བ་བཅས་བྱས་ནས་མྱུར་སྐྱེལ་བའི་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་ཁ་གསལ་བསྟན་ཡོད་པ་རེད།

《ལག་བསྟར་བསམ་འཆར》ནང་། མྱུར་སྐྱེལ་ཁེ་ལས་དང་མྱུར་སྐྱེལ་བའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་དང་། ཁེ་ལས་ཀྱིས་ལས་ཐོག་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་གསར་པ། ལས་སྒྱུར་གསོ་སྦྱོང་སོགས་ལས་རིགས་རྩལ་ནུས་གསོ་སྦྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་ནང་འཇུག་དགོས། ཆ་རྐྱེན་དང་མཐུན་པའི་མྱུར་སྐྱེལ་བ་སྤྱི་པའི་བོགས་གཏོང་སྡོད་ཁང་དང་བོགས་གཏོང་ཁ་གསབ་འགན་ལེན་གྱི་ཁྱབ་ཁོངས་ནང་འཇུག་དགོས། ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་མང་ཚོགས་ཚོགས་པའི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་གཉེར་སྐྱོང་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ། མྱུར་སྐྱེལ་བར་སེམས་ཁུར་དང་སེམས་གསོ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་བསྟན་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)