འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་ཐུབ་པར་བྱ་ཆེད། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སྒྲིག་འཛུགས་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཁོར་ཡུག་སྤུས་ཚད་དང་བདེ་འཇགས་ཚོགས་པ་དང་། དེ་བཞིན་ཧྲང་ཧའེ་དང་། ཅང་སུའུ། ལེའོ་ཉིང་། ཅང་ཤིས་སོགས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཁོངས་གཏོགས་དང་མཉམ་དུ་སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོའི་ཆུ་འབྲི་བའི་དུས་དང་། ཆུ་འབྲུབ་པའི་དུས། ཆུ་སྙོམས་པའི་དུས་བཅས་ལ་སྐྱེ་ཁམས་ཁོར་ཡུག་གི་ཆེད་དོན་བརྟག་ཞིབ་ཐེངས་དང་པོ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་བའི་ཁྲོད། ལྟ་ཞིབ་ཚད་ལེན་བྱེད་མཁན་དང་ཚན་ཞིབ་མི་སྣ་ཚང་མས་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པར་མ་འཛེམ་པར་གངས་རི་དང་རྩྭ་ཐང་སོགས་བརྒལ་ནས་མི་མེད་ལུང་སྟོང་ཁུལ་དུ་ཉིན་20ཙམ་ལ་སྤྱི་ལེ་ཆིག་ཁྲི་ལྷག་ཙམ་བསྐྱོད་དེ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ས་ཚིགས་82བཙུགས་པ་མ་ཟད། ད་དུང་མ་དཔེ་ཆིག་སྟོང་ལྷག་ཙམ་འཚོལ་སྡུད་དང་། ཡུལ་དངོས་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་165དང་ཚོད་ལྟ་ཁང་གི་དབྱེ་ཞིབ་གྲངས་གཞི་2000ཙམ་ཐོབ་ཡོད་པ་རེད། མིག་སྔར། འཚོལ་སྡུད་བྱས་པའི་མ་དཔེ་དག་ལ་ཚོད་ལྟ་ཁང་དུ་དབྱེ་ཞིབ་བྱེད་བཞིན་ཡོད་ཅིང་། ཐེངས་འདིའི་ཆེད་དོན་བརྟག་ཞིབ་བྱས་པ་བརྒྱུད་འབྲི་ཆུའི་ཆུ་འགོའི་མཐའ་མའི་འགག་གནད་བསལ་ནས། སྐུ་ལྷ་དར་གདོང་ཁུལ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་སྟོང་ཆ་བསྐངས་པ་དང་དུས་མཚུངས། སྐུ་ལྷ་དར་གདོང་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་ཡང་མཚོན་ཡོད། (དམ་ཆོས་མི་ཕམ་གྱིས་བསྒྱུར། པདྨ་ཆོས་སྒྲོན་གྱིས་ཞུས)