《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月25日

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ) ཚོགས་འདུའི་ཐོག་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་སྲིད་ཁྲིམས་སྙན་སེང་གསན་སྐབས་གནང་བའི་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལིའུ་ཅང་གིས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། དུས་བབ་སྟངས་འཛིན་ཡང་དག་བྱེད་པ། ཞན་ཆའི་གནད་དོན་གནད་སྨིན་འཚོལ་བ་བཅས་བྱས་ནས། ཉེན་ཁ་འགོག་ཟོན་གནད་སྨིན་དང་ནུས་ལྡན་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་དང་ཞབས་འདེགས་ཞུ་བའི་གཙོ་རྐང་དེར་དམིགས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི་ལས་ཀའི་བླང་བྱར་དམ་པོར་དམིགས་པ། དམ་ནན་གྱི་འགན་འཁྲིའི་མ་ལག་དང་། ཞིབ་ཚགས་པའི་སྤྱི་ཚོགས་བཅོས་སྐྱོང་། ཁྲིམས་བཞིན་རྡུང་རྡེག་གཏོང་བའི་རྣམ་པ། སྤྱོད་གོ་ཆོད་པའི་ལམ་ལུགས་ཀྱི་མ་ལག ཉམས་སད་ཐེག་པའི་སྲིད་ཁྲིམས་དམག་ཧྲག་བཅས་ལ་བརྟེན་ནས་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། བྱེད་པོའི་འགན་འཁྲི་འཁུར་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། བྱ་ཐབས་ཞིབ་ཚགས་སུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཡག་པོ་བྱེད་པ། འགན་འཁྲི་གདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། ལས་དོན་ཁག་ལ་དམ་འཛིན་དང་། དོ་དམ། སྐུལ་འདེད། དོན་འཁྱོལ་བཅས་བྱེད་མཁན་ཡོད་པའི་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།