《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

༄༅།། ནམ་ཟླ་འདིར་རང་ཉིད་ལ་བཤད་འདོད་པའི་སྐད་ཆ།

གསེར་ནག

ནམ་ཟླ་ཇེ་གྲང་རེད་སོང་མི་བསམ།

ཁྱོད་རང་ལ་ཁ་ཁོག་མེད་པའི་བུ་མོ་ཞིག་ཡོད་པར་བསམ།

བུ་མོ་དེས་ཁྱོད་རང་ལྷ་རི་ལྟ་བུར་བརྩི་བཞིན་ཡོད་པར་བསམ།

བུ་མོ་དེས་གློ་སྙིང་མཆིན་གསུམ་ཁྱོད་ལ་བསྟན་ནས་འཚོ་ཡོད་པར་བསམ།

འཚོ་བ་ནི་འདི་ལྟར་རྟེན་འབྲེལ་བཟང་པོ་ཞིག་ཡིན་པར་བསམ།

ནམ་ཟླ་ཇེ་གྲང་རེད་སོང་མི་བསམ།

ཁྱོད་རང་ལ་རང་ཉིད་ཤོང་བའི་ཁང་པ་ཞིག་ཡོད་པར་བསམ།

ཁང་པ་དེར་ཐབ་ཀ་ཆུང་ངུ་ཞིག་བཙུགས་ཡོད་པར་བསམ།

ཐབ་ཀ་དེར་ལུས་སེམས་དྲོད་པའི་ཚ་ཐུག་ཅིག་བསྐོལ་ཡོད་པར་བསམ།

ཚ་ཐུག་དེ་ཁྱོད་རང་ཁྱིམ་དུ་ལོག་པའི་བསུ་མ་ཡིན་པར་བསམ།

ནམ་ཟླ་ཇེ་གྲང་རེད་སོང་མི་བསམ།

ས་ཆེན་པོ་ཡང་དབུགས་རིང་ཞིག་གཏོང་དགོས་པར་བསམ།

དབུགས་རིང་བཏང་རྗེས་སེམས་ངལ་ཀུན་སོས་ཐུབ་པར་བསམ།

སེམས་ངལ་སོས་རྗེས་དྲོད་རླུང་ཞིག་ལྡང་ངེས་པར་བསམ།

དྲོད་རླུང་དེས་སྐྱེ་དངོས་ཀུན་ལ་ལམ་ཕྱོགས་ཤིག་སྟོན་པར་བསམ།

ནམ་ཟླ་ཇེ་གྲང་རེད་སོང་མི་བསམ།

རང་སེམས་ལ་བྱ་ར་ཞིག་བྱ་དགོས་པར་བསམ།

བྱ་ར་དེས་སྟོབས་ཤུགས་ཤིག་བསྐྱེད་དགོས་པར་བསམ།

སྟོབས་ཤུགས་དེས་རང་ཉིད་དྲོད་དུ་འབར་ཆོག་པར་བསམ།

དྲོད་ཁོལ་དེས་འཇིག་རྟེན་གྱི་དོན་སྙིང་ལོན་པར་བསམ།