སྐྱ་རེངས་བཏང་སོང་། ཐོ་རེངས་བྱ་ཕོའི་ཅོང་བརྡ་དང་འགྲོགས་ནས། ཨ་མས་འཁང་ར་དང་ལེ་བདའ་མེད་པར་སྐྱིད་པོའི་མལ་ལས་ལངས་ཏེ་ཐབ་ལ་མེ་བུས་ནས་སྔོ་ལྷོག་ལྷོག་གི་དུ་བས་མཁའ་ལ་འཇའ་ཚོན་དཀྲིག་འགོ་བརྩམས།
གཅེན་མོས་ནམ་རྒྱུན་ལྟར་ཧ་ཅང་བྱང་ཆ་ལྡན་པའི་ངང་ཆུ་ཟོམ་སྒལ་པར་ཁུར་ནས་སྐས་འཛེག་རེ་རེ་བཞིན་བབས་ཏེ་སྒོ་རའི་ཀ་ལའི་མདུན་དུ་ཞོགས་པའི་ཆུ་ཕུད་ལེན་པར་འགྲོ་བའི་སྟ་གོན་བྱེད།
ཨ་ཕས་ལྷས་རའི་ནང་དུ་སོང་སྟེ་བ་ཕྱུགས་ལ་གཟན་རྩྭ་སྟེར་བ་དང་། ལྷས་རའི་སྒོ་མོ་དལ་གྱིས་ཕྱེ་སྟེ་རེའུ་དང་ལུ་གུ་གསར་པ་བཙས་ཡོད་མེད་ལ་ལྟ་སྐོར་བྱས།
སྤོ་བོ་ལགས་ཀྱིས་འཆར་ཅན་བཞིན་ཕྲེང་བ་ལག་ཏུ་བཟུང་ནས་སྡེ་སྐོར་ལ་ཕེབས་པའི་སྟ་གོན་བྱེད་ཅིང་། མནའ་མས་གཅེས་ཕྲུག་རྒན་པའི་མལ་ཆས་བཤུས་ཏེ། ཨ་མའི་གཅེས་ཕྲུག་མགྱོགས་པོ་ལོངས་ཤིག སློབ་ཚན་འཚོག་གྲབས་འདུག་ཅེས་བཤད་པ་དང་། གཅེས་ཕྲུག་རྒན་པས་འདོད་ལ་མ་འདོད་ངང་མལ་ལས་ལངས་ཏེ་སྐྱོར་མ་ཕོར་པ་གང་བལྡགས་རྗེས་དེ་མ་ཉིད་དུ་རང་གི་གཟུགས་བོང་ལས་ཀྱང་ཆེ་བའི་དཔེ་ཁུག་རྒྱབ་ཏུ་ཁུར་ནས་བྲེལ་འཚུབ་ངང་འདུར་མ་རྒྱུག་གིས་སློབ་གྲྭའི་ཕྱོགས་སུ་སོང་། ཤུལ་དུ་ལུས་པའི་གཅེས་ཕྲུག་གཉིས་པོས་མལ་ཐུལ་ནས་མགོ་བོ་ཕྱི་ལ་བསྲིངས་ཏེ་སྐྱོར་མ་དགོས་ཞེས་ལྟོགས་སྐད་རྒྱག་འགོ་བརྩམས།
ཨ་མས་མེ་ཡོག་འཁྱེར་ནས་ཐབ་ཀའི་འཁྲིས་སུ་སྐོར་བ་ཡང་ཡང་རྒྱག་བཞིན་ཁང་ཁྱིམ་གྲུ་བཞིར་ཚ་དྲོད་བསྐྱིལ་ཅིང་། རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱེད་བཞིན་པའི་སྔོ་ལྷོག་ལྷོག་གི་དུ་བས་ལྷིང་འཇགས་ཀྱི་རི་གྲོང་ལ་ཁ་དོག་དང་བཀྲག་མདངས་གསར་པ་ཞིག་བསྣན་ཞིང་། དེ་ནི་མི་ཞིག་གིས་ཐོག་ཁའི་ཡང་རྩེ་ནས་གཡབ་མོ་བྱེད་བཞིན། ང་ཚོས་སླར་ཡང་ཉིན་གཅིག་གི་འཚོ་བ་གསར་པའི་དབུ་ཁྱུད་འབྲི་བཞིན་ཡོད་ཅེས་གསལ་བརྡ་གཏོང་བ་དང་གཉིས་སུ་མ་མཆིས།
ནང་མི་ཚང་མ་རང་རང་གི་ལས་ཀ་ཚར་ནས་གདན་ལ་འཁོད་རྗེས། མདང་ནུབ་ཀྱི་ཐུག་ལྷག་འཐུང་འགོ་ཚུགས་པ་དང་། རྡང་གི་དེ་ཕོའི་ཚོགས་ཀྱང་ཏིང་འཛིན་བདེ་བའི་གཉིད་ལས་སད་དེ་ཀོ་ཀོ་ཞེས་ངལ་རྩོལ་གྱི་གླུ་དབྱངས་ལེན་ཞོར། ཐང་ལ་འཐོར་བའི་ནས་རྡོག་དང་གོམ་འགྲོས་དལ་བའི་འབུ་སྲིན་གྱི་ཐོག་ལ་མཆོངས་ནས་ཧབ་ཐོབ་ཤིག་ཤིག་ངང་ཞོགས་ཟས་འཚོལ་བཞིན་མཆིས། མཇུག་མ་གཡུག་གཡུག་བྱེད་བཞིན་པའི་སྒོ་ཁྱི་ནི་ལྕགས་ཐག་ཕར་དྲུད་ཚུར་དྲུད་བྱེད་བཞིན་ཟུག་སྐད་ཐར་ཐོར་བསྒྲགས་ཏེ། སྦྱིན་བདག་ལཌ། ང་ལ་ལྟོ་སྐལ་མ་གཅོད་རོགས་ཞེས་ཞུ་བ་འབུལ་བ་ལྟར་སྣང་།
ཉིན་གུང་གི་ཉི་མའི་འོག་ཏུ། གཅེན་པོ་རྒན་པ་དང་མནའ་མས་ཀ་ཀོར་མེད་པར་འཇོར་དང་སྦྱག་མ་དཔུང་ལ་བཀལ་ནས་ཞིང་ཐང་དུ་སོང་སྟེ། མནའ་མས་ཞིང་གི་རྣང་མ་རེ་རེའི་བར་དུ་འཚངས་ནས། ཡུར་མ་ཡུར་བཞིན་ཡོད་ཅིང་། གཅེན་པོས་ཞིང་ཐང་གྲུ་བཞིར་ཆུ་གཏོང་བཞིན་མཆིས། ཨ་མས་ཐག་ཁྲིའི་ཐོག་ཏུ་བསྡད་དེ་གདན་དང་ཉལ་ཆས། སྔས་འབོལ་སོགས་འཐག་ཞོར། དགུང་ཟས་གྲ་སྒྲིག་བྱེད་པ་དང་། གཅེན་མོས་བཞོས་ཟིན་པའི་འོ་མ་རྫ་ལས་བཟོས་པའི་གཞུ་གཞུའི་ནང་དུ་བླུགས་ནས་དཀྲོག་འགོ་བརྩམས། སྤོ་བོ་ལགས་ཀྱིས་སྡེ་སྐོར་ནས་ལོག་ཕེབས་རྗེས་ཉི་གཡབ་ཀྱི་འོག་ཏུ་བཞུགས་ནས་དཀར་མོ་ནས་ཀྱི་མཆོད་ཆང་ཁོག་གི་རྒྱ་མཚོར་དྲངས་བཞིན་ཡོད་པ་དང་། ཤུལ་དུ་ལུས་པའི་ཚ་བོ་གཉིས་
པོས་སྤོ་བོ་ལགས་ཀྱི་མཐའ་ནས་བསྐོར་ཏེ། སྤོ་བོ་ལགས། ང་ཚོར་སྒྲུང་ཤོད་དང་ཞེས་བཤད་དེ་སྤོ་བོ་ལགས་ཀྱི་ཕུ་ཐུང་ནས་ཡང་ཡང་འཐེན་པར་བྱེད།
མཚན་མོ་མར་མེའི་འོད་མདངས་ཕྲན་བུའི་འོག་ཏུ། སྤོ་བོ་ལཌ་ཀྱིས་ཚ་བོ་གསུམ་པོར་སྲིད་པ་ཆགས་རབས་དང་། དེ་མིན་ལྷ་སྒྲུང་དང་གནའ་གཏམ་ཤོད་བཞིན་ཚ་བོ་ཚོ་ལ་ཁ་ཡ་བྱེད་པ་དང་། ཨ་ཕས་བུ་དང་མནའ་མར་སང་ཉིན་གྱི་ལས་བགོས་རྒྱག་བཞིན་འདུག གཅེན་མོས་ཐབ་ཀའི་ནང་དུ་ལྕི་བ་བུས་ཏེ་ཐུག་པ་སྐོལ་བཞིན་ཡོད་པ་དང་། ཨ་མས་ཐབ་ཀའི་ཟུར་གྱི་གཞོགས་གཅིག་ཏུ་བསྡད་དེ་བལ་གསེད་པ་དང་། འཕང་སྐོར་བཞིན་བལ་ལས་བྱེད་བཞིན་འདུག
སང་ཉིན་སླར་ཡང་ཉིན་མ་གསར་པ་ཞིག་འཆར་སྲིད་མོད། ཁོ་ཚོས་སླར་ཡང་ཁ་སང་གི་ལས་ཀའི་རྒྱུན་བསྐྱངས་ནས་སྔར་རྒྱུན་བཞིན་ཉིན་མ་གསར་པ་དེའི་ཀློང་དུ། བསྐྱར་ཟློས་དང་ཐེར་ཟུག་གི་མི་ཚེའི་ལམ་བུར་བཞུད་པར་ཐེ་ཚོམ་ཅི། ཐ་ན། མི་རབས་ནས་མི་རབས།