《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

ཁ་བ་བབས་ནས་གྲང་ངར་ཆེ་ན་ཡང་། ཉེན་རྟོག་སྐོར་གཡེང་མི་སེམས་རབ་ཏུ་འགུལ།

↑ འདི་ནི་གངས་ཁྲོད་དུ་སྐོར་གཡེང་བྱེད་བཞིན་པ།

↑ འདི་ནི་སྐྱོབ་རོགས་བྱ་ཡུལ་ཡིན་པ།

གངས་ཁྲོད་སྐོར་གཡེང་།

ཁ་བ་ཉིན་མཚན་གཅིག་བབས་ནས་མཐུག་ཚད་ལི་སྨི་ཉི་ཤུ་ཙམ་ཟིན་ཏེ་མིག་མདུན་གྱི་ལམ་བུ་ཡང་མཐོང་དཀའ་བར་འགྱུར་བ་དང་། གྲང་རླུང་འུར་འུར་དུ་ལྡང་ནས་ལུས་ལ་སྤུ་གྲི་བཙུགས་པ་ལྟར་སྣང་། ཁ་བ་ཆེན་པོ་འབབ་དུས་ཡིན་ནའང་འདྲ། རླུང་འཚུབ་འུར་འུར་དུ་ལྡང་དུས་ཡིན་ནའང་འདྲ། གང་ལྟར་བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྐྱིད་གྲོང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོའི་སྐོར་གཡེང་ལས་སྒྲུབ་ཀྱི་གོམ་སྟབས་འགོག་ཐབས་མེད།

མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པས་རྒྱུན་གཏན་ལྟར་གོ་མཚོན་ལེགས་པར་སྤྲས་ནས་ཉིན་གཅིག་གི་སྐོར་གཡེང་ལས་འགན་སྒྲུབ་འགོ་ཚུགས། ཁ་བ་བབས་དུས་འདྲེད་བརྡར་ཤོར་སླ་ཁར་དྲོད་ཚད་གློ་བུར་དུ་ཆག་པ་དེས་སྐོར་གཡེང་ལས་སྒྲུབ་ལ་དཀའ་ངལ་ཆེན་པོ་འཕྲད། འདི་ལྟ་བུའི་གནམ་གཤིས་འོག་སྐོར་གཡེང་ལས་དོན་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱེད་ཆེད། ཁོང་ཚོ་ཚོགས་ཆུང་གཉིས་སུ་བགོས་ནས་ཁོངས་གཏོགས་ཁུལ་དུ་སྐོར་གཡེང་དང་ཞིབ་བཤེར་བྱེད་འགོ་ཚུགས་ཤིང་། གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་ཁ་རས་བརྒྱབ་སྟབས་ཁོང་ཚོའི་མིག་སྤུར་ཡང་འཁྱགས་པ་ཐེབས། ཁ་བའི་ཁྲོད་ཀྱི་བདེ་ལྕག་འཁྱུག་པའི་ཁོང་ཚོའི་གཟུགས་བརྙན་ནི་ཡིད་དབང་འཕྲོག་ཤོས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར།

གངས་ཁྲོད་ཞབས་ཞུ།

2021ལོའི་ཟླ་12ཚེས་28ཉིན་གྱི་དགོང་མོ། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་སྨན་ཕུ་མཐའ་མཚམས་མངགས་གཏོང་ཁང་གི་ཁོངས་གཏོགས་སུ་གློ་བུར་དུ་གངས་ཆེན་པོ་བབས་ནས། གཞུང་ལམ་དུ་འཁྱགས་པ་མཐུག་པོ་ཐེབས་ཏེ་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཐོན། ལམ་དུམ་མང་པོ་ཞིག་ལ་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་པ་དང་འགྲོ་སྐྱོད་བྱ་རྒྱུར་སྒུག་པའི་ཟོག་འདྲེན་རླངས་འཁོར་ཆེ་གྲས་གནས་དེར་ལུས་པའི་སྣང་ཚུལ་ཐོན།

2021ལོའི་ཟླ་12ཚེས་29ཉིན་གྱི་ཞོགས་པ་སྔ་པོ་ནས་ས་ཚིགས་དེའི་མི་དམངས་ཉེན་རྟོག་པས་རྒྱལ་ལམ་318ཀྱི་སྨན་ཕུ་ལམ་དུམ་དུ་སྐོར་ཞིབ་བྱེད་སྐབས། རྒྱལ་ལམ་318སྨན་ཕུ་ལམ་དུམ་དུ་གངས་བབས་ནས་འཁྱགས་པ་ཐེབས་ཏེ་ལམ་དུམ་དེར་རླངས་འཁོར་འགྲོ་སྐྱོད་བྱེད་ཐབས་བྲལ་བ་དང་། ཟོག་འདྲེན་རླངས་འཁོར་ཆེ་གྲས་མང་པོ་ཞིག་དེ་གར་ལུས་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེ་གར་ལུས་པའི་རླངས་འཁོར་ཆེ་གྲས་དེ་དག་ཚེས་28ཉིན་གྱི་དགོང་མོའི་ཆུ་ཚོད་11ནས་ད་བར་འགྲོ་སྐྱོད་ཐུབ་མེད་པ་མ་ཟད། ཉེ་འཁོར་གྱི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་པས་ཁ་ལོ་བ་ཚོ་འཁྱག་ལྟོགས་ཀྱི་གནས་སུ་གྱར། མི་དམངས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་གསོག་ཉར་བྱས་པའི་སྟབས་བདེའི་ཐུག་པ་དང་གཏེར་ཆུ་སོགས་བཟའ་བཅའ་ཁ་ལོ་བ་ཚོའི་ལག་ཏུ་སྤྲད་ནས་ཁོང་ཚོར་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་པས། ཁོང་ཚོས་གྲང་ངར་ཆེ་བའི་དགུན་དུས་སུ་དྲོ་སྐྱིད་ཆེན་པོ་ཚོར།

གངས་ཁྲོད་རོགས་སྐྱོབ།

2021ལོའི་ཟླ་12ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཆོས་ཤང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལ་གཉའ་ལམ་རྫོང་གྲོང་དུ་སྐྱོད་པའི་ལམ་བར་དུ་གློ་བུར་དུ་གངས་ཆེན་པོ་བབས་ནས་རླངས་འཁོར་2དང་མི་6ཉེན་ཁའི་གནས་སུ་གྱར་ཏེ་འགྲོ་སྐྱོད་བྱེད་ཐབས་བྲལ་སོང་ཞེས་པའི་མང་ཚོགས་ཀྱི་ཉེན་བརྡ་ཞིག་འབྱོར།

ཉེན་བརྡ་འབྱོར་རྗེས་ས་ཚིགས་དེས་རང་ངོས་འགོག་སྲུང་ཡག་པོ་བྱེད་པ་དང་ཆབས་ཅིག རོགས་སྐྱོབ་དཔུང་ཁག་གང་མགྱོགས་བཙུགས་ནས་ཁ་བ་བུ་ཡུག་ཁྲོད་རྐང་ཐང་མར་བསྐྱོད་དེ་ཉེན་གྱར་མང་ཚོགས་བཙལ་འཚོལ་བྱས། གངས་ཆེན་པོ་བབས་ནས་མིག་གིས་མཐོང་དཀའ་བར་གྱུར་སྟབས་ས་ཚིགས་དེའི་མི་དམངས་ཉེན་རྟོག་པས་མི་མེད་གནམ་གྲུ་སྤྱད་ནས་རྒྱལ་ལམ་318ལམ་རྒྱུད་དུ་འཚོལ་ཞིབ་བྱས་པ་དང་། རོགས་སྐྱོབ་མི་དམངས་ཉེན་རྟོག་པས་གཏིང་ཚད་ལི་སྨི་70ཟིན་པའི་གངས་ཁྲོད་དུ་བསྐྱོད་དེ་དཀའ་ཚེགས་ཆེན་པོས་མདུན་སྐྱོད་ཀྱིས་ཆུ་ཚོད་2ཙམ་བཙལ་འཚོལ་བྱས་མཐར་ཉེན་ཁའི་གནས་སུ་གྱར་བའི་མང་ཚོགས་གཞི་ནས་རྙེད། མི་དམངས་ཉེན་རྟོག་པས་འཕྲལ་མར་དཀའ་ངལ་འཕྲད་པའི་མང་ཚོགས་ལ་སེམས་གསོ་གཏོང་བ་དང་གངས་གཤོངས་རླངས་འཁོར་བཏང་ནས་ཆུ་ཚོད་2ཙམ་རིང་རོགས་སྐྱོབ་བྱས་པ་བརྒྱུད་དཀའ་ངལ་འཕྲད་པའི་མང་ཚོགས་6བདེ་བླག་ངང་བསྐྱབས།

མིག་སྔར་ཉེན་གྱར་མང་ཚོགས་6ལ་ཚེ་སྲོག་གི་ཉེན་ཁ་མེད་པ་དང་མི་དམངས་ཉེན་རྟོག་པས་ཁོང་ཚོ་སྒར་ཁུལ་དུ་ཁྲིད་དེ་ཞག་སྡོད་བཀོད་སྒྲིག་བྱས་པ་མ་ཟད། ཆུ་ཚ་པོ་དང་གྲང་འགོག་གྱོན་ཆས་དང་དངོས་ཟོག་ཀྱང་སྤྲད་ནས་ཁོང་ཚོའི་ཚེ་སྲོག་བདེ་འཇགས་འགན་ལེན་བྱས་ཤིང་། ཉེན་ཁ་ལས་བསྐྱབས་པའི་མང་ཚོཌ་དྲུག་པོས་མི་དམངས་ཉེན་རྟོག་པར་ཐུཌ་རྗེ་ཆེ་ཞུས་པ་རེད།

གངས་ཁྲོད་རིམས་འགོག

མཛེས་སྡུག་ལྡན་ཤོས་ནི་ཁ་བ་འབབ་པའི་ཉིན་མོ་དེ་མ་ཡིན་པར་དེ་ནི“རིམས་འགོག་མི་སྣས”ལས་གནས་བརྟན་སྲུང་བྱས་པ་དེ་ཡིན། བོད་ལྗོངས་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྟོད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གྲང་ངར་ལ་མ་འཛེམས་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནང་ཞུགས་ཏེ། འགན་འཁྲི་སེམས་ལ་འཆང་བ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། བདེ་འཇགས་དང་དྲོ་སྐྱིད་དུད་ཚང་ཁྲི་སྟོང་མང་པོར་སྦྱིན་པ་བཅས་ལ་བརྟེན་ནས། གྲོ་མོ་རྫོང་གི་མི་སེར་གྱི་བདེ་ཐང་ཆེད་ལས་གནས་བརྟན་སྲུང་གིས་ལེགས་སྐྱེས་ཕུལ་ནས“ཟངས་གྱང་ལྕགས་རྩིག”ཅིག་བཏོད་ཡོད།

གངས་ཆེན་པོ་བབས་ནས་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད། འོན་ཀྱང་གྲོ་མོ་སྟོད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྔར་བཞིན་འཐབ་ས་དང་པོ་བརྟན་སྲུང་བྱས་ནས། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་སྐྱོད་པ་དང་། རང་ཉིད་ཀྱི་བདེ་སྡུག་ལ་བསམ་བློ་མི་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ནས“རླངས་འཁོར་ཡོང་རིམ་བཞིན་ལ་ཞིབ་བཤེར་བྱེད་པ་དང་མི་ཐུག་རིམ་བཞིན་ལ་རྟག་དཔྱད་བྱེད་པའི”རྩ་དོན་ལྟར“འགག་སྒོའི་སྙིང་སྟོབས”དར་སྤེལ་བཏང་སྟེ། མུ་མཐུད་འབད་འཐབ་བྱེད་པ་དང་འགྲོ་འོང་བྱེད་མཁན་རླངས་འཁོར་དང་མི་སྣར་ཐོ་འགོད་བྱེད་པ་དང་། ཨང་རྟགས་བཤེར་བ། དུག་སེལ་བྱེད་པ། ཚ་བ་ལྟ་བ་བཅས་མཐའ་འཁྱོས་ཀྱིས“རླངས་འཁོར་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མ་ལུས་པ”བྱས་ནས། གཙོ་གནད་མི་སྣར་རིམས་ནད་གྲལ་བཤེར་དབྱེ་འབྱེད་སྔར་བས་དོན་འཁྱོལ་བྱས་ཏེ་དཔྱད་གཞིའི་ཡིག་རིགས་ཨང་དང་པོ་མཁོ་འདོན་བྱས་ཡོད། ཁོང་ཚོའི་ས་ཚིགས་དེ་མཛེས་སྡུག་ལྡན་ཤོས་ཀྱི་ཡུལ་ལྗོངས་ཤིག་ཏུ་གྱུར་བ་དང་དགུན་དུས་དྲོ་སྐྱིད་སྦྱིན་ནས་མཐའ་མཚམས་མི་སེར་གྱི་ཚེ་སྲོག་བདེ་ཐང་ལ་འགོག་སྲུང་འཛིང་རགས་ཤིག་བསྐྲུན་ཡོད།