ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོའི་ཟླ་6པ་ནས་ཟླ་11པའི་བར། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་ཚད་ཟླ་6བསྟུད་མར་དུས་མཚུངས་ལས་ཆག་ཡོད། 2021ལོ་ཚུན། ཟླ་11པའི་བར་རྒྱལ་ཡོངས་སུ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁྲི་37ལྷག་ཙམ་རྩད་ཆོད་པ་དང་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི་54.9ལྷག་ཙམ་འཛིན་བཟུང་བྱས་ཡོད།
ཉེ་བའི་ལོ་ཤས་རིང་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་རྒྱུན་མཐུད་ངང་ཐོན་མང་དུ་ཕྱིན་ནས་མིག་སྔར་གྱོད་གཞི་ཐོན་མང་ཤོས་དང་། གྱོང་གུན་ཕོག་ཆེ་ཤོས། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་ཤོས་བཅས་ཀྱི་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཅིག་ཏུ་གྱུར་ཡོད། འདི་ལོ་ཚུན་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
དངུལ་ཁང་གཱ་དང་ཁ་པར་གཱ་འབོར་ཆེན་ཞིག་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཐད་སྤྱད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས“གཱ་མཁོ་འདོན་འབྲེལ་ཐག་གཅོད་པའི”བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཟླ་11བར་རིམ་རྩིས་བྱས་ན“གཱ་གཉིས”དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ཚོགས་པ་ཁྲི་3.9མེད་པ་བཟོས་པ་དང་། ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི་42ཞིབ་བཤེར་ཐག་གཅོད་བྱས་པ། དངུལ་རྩའི་སྒྲིག་གཞི་དང་འཕྲིན་གཏོང་ཁེ་ལས་ནང་ཁུལ་གྱི་མི་སྣ་5000ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
མི་སྣ་སྒྲིག་འཛུགས་བྱས་ནས་མངའ་ཁོངས་ཕྱིར་བསྐྱོད་དེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་སྤེལ་བར་དམིགས་ཏེ། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་མི་3ཡན་དཔུང་བསྒྲིགས་ནས་ཁྲིམས་འགལ་ངང་རྒྱལ་མཚམས་སྒྲོལ་མཁན་ཚོགས་པ་10600ལྷག་ཙམ་མེད་པ་བཟོས་པ་དང་། ཉེས་དོན་གྱོད་གཞི་5300ལྷག་ཙམ་རྩད་ཆོད་པ། ཉེས་གསོག་དོགས་ཅན་44690ལྷག་ཙམ་འཛིན་བཟུང་བྱས་པ་རེད།
ས་གནས་ཁག་གིས་ལག་རྩལ་ཐོག་ནས་འགོག་ཟོན་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་ཕྱོགས་ཡོངས་ནས་ཉེན་ཟོན་བཀག་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱོན་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་3265ཛ་དྲག་ངང་བསྡམས་བཅད་བྱས་པ་དང་། ཁ་བསླུས་རྒྱག་པའི་ཁ་པར་ཐེངས་དུང་ཕྱུར་15.5དང་ཁ་བསླུས་རྒྱག་པའི་འཕྲིན་ཐུང་དུང་ཕྱུར་17.6བཀག་པ། མང་ཚོགས་ཁྲི་2337མགོ་སྐོར་འོག་མི་ཚུད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི“དངུལ་ཁུག”སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་རེད།
མང་ཚོགས་ཀྱི་ཁ་བསླུས་གསལ་འབྱེད་དང་སྔོན་འགོག་གི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་ནས་དམངས་ཡོངས་སྐུལ་སློང་དང་དམངས་ཡོངས་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་ཆེད། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་ཁྲི་1.5སྤེལ་བ་དང་སྤྱི་ཕན་འཕྲིན་ཐུང་དུང་ཕྱུར་36.2བཏང་བ་རེད།