འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྣམ་གླིང་རྫོང་སྟག་རྩེ་ཤང་དུ་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ལས་དོན་རུ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཧྲང་ཧའེ་ཡི་ཁག་དགུ་པའི་བོད་སྐྱོར་འབྲེལ་གཏུག་ཚོགས་ཆུང་དང་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ་དང་མཉམ་དུ་རིན་ཐང་སྒོར་ཁྲི་5རི་བའི་དཔེ་དེབ་དང་སློབ་ཆས་ཆ་ཚང་600ལྷག་ཙམ་རྣམ་གླིང་རྫོང་སྟག་རྩེ་ཤང་གངས་ལྷ་མེ་ཏོག་སློབ་ཆུང་གི་གྲོགས་པོ་ཆུང་ཆུང་ཚོར་ཞལ་འདེབས་ཕུལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཞལ་འདེབས་འབུལ་བའི་བྱེད་སྒོ་ནི་གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གཞི་རིམ་དུ་ཡོད་པ་དང་མང་ཚོགས་དང་ཉེ་བཅར་གྱི་ལེགས་ཆ་སྤྱད་དེ་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། སེམས་ཁྲལ་བྱེད་ས། རེ་སྒུག་བྱེད་ས་བཅས་ཤེས་རྟོགས་ཧུར་ཐག་བྱས་པ་དང་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལྷག་བསམ་ཟོལ་མེད་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་ཧུར་ཐག་སྒྲུབ་རོགས་བྱས་པ་རེད།
གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས་བརྗོད་དོན། གོམ་སྟབས་རྗེས་མའི་ལས་དོན་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ཀྱིས་དམངས་ལ་ཞབས་འདེགས་ཞུ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། བྱ་བ་དངོས་སྒྲུབ་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། མི་དམངས་མང་ཚོགས་ལ་སྔར་ལས་མང་བའི་བྱ་བ་དངོས་དང་བྱ་བཟང་ཧུར་ཐག་སྒྲུབ་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་དྲོ་སྐྱིད་མང་ཚོགས་ཚོས་ཚོར་བ་བྱེད་པ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྒྲིག་བཤེར་ལྟ་ཞིབ་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།