《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་བཅོས་མཛེས་བཟོའི་ཟང་ཟིང་གི་རྣམ་པར་ཆེད་དོན་བཅོས་སྒྲིག་བྱས་པ།

→ འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་པས་སྨན་བཅོས་མཛེས་བཟོ་ཁང་ཞིག་ལ་ཞིབ་བཤེར་བྱེད་བཞིན་པ།

《གྲོང་ཁྱེར་ཡོངས་སུ་ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོའི་ཞབས་ཞུར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་ཇུས་གཞིའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་མཛེས་བཟོའི་ཞབས་ཞུའི་ཁྲོམ་ར་སྔར་བས་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྟ་འདོམས་ཀྱི་འགན་ནུས་ལ་གཞི་ཚུགས་ནས་ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོའི་ཞབས་ཞུར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ནུས་ལྡན་ངང་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོའི་ཞབས་ཞུར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོའི་ཞབས་ཞུར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་ཇུས་གཞི》བཟོས་ནས། ལས་ཀའི་དམིགས་ཚད་དང་གཙོ་གནད་ལས་འགན་ཁ་གསལ་བཟོས་ཏེ་ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོའི་ཞབས་ཞུར་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོའི་བྱེད་སྤྱོད་དང་། ཁྲིམས་འགལ་ངང་སྨན་རྫས་དང་སྨན་བཅོས་ཡོ་བྱད་བཟོ་འཚོང་གི་བྱེད་སྤྱོད། ཁྲིམས་འགལ་གྱི་བརྡ་ཁྱབ་དང་དྲ་སྦྲེལ་གྱི་ཆ་འཕྲིན་མི་ལེགས་པ་ཁྱབ་བསྒྲགས་བྱེད་པའི་བྱེད་སྤྱོད་བཅས་ལ་རྡུང་རྡེག་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། འབྲེལ་ཡོད་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་། འཁོར་རྒྱུག བེད་སྤྱོད་བཅས་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་སྨན་བཅོས་མཛེས་བཟོའི་ཞབས་ཞུའི་ཆ་འཕྲིན་དང་སྨན་བཅོས་བརྡ་ཁྱབ་ཀྱི་བྱེད་སྤྱོད་ཚད་ལྡན་དུ་གཏོང་བ། མ་ལག་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཧུར་ཐག་བྱས།

སྨན་བཅོས་མཛེས་བཟོའི་བརྡ་ཁྱབ་ལྟ་འདོམས་ལ་ཤུགས་སྣོན་རྒྱག་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྒྱུན་གཏན་གྱི་ལྟ་འདོམས་དང་ཆེད་དོན་བཅོས་སྒྲིག་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཞིབ་བཤེར་མ་བྱས་པར་རང་དགར་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་དང་། ཞིབ་མཆན་ནང་དོན་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ། སྨན་བཅོས་ནུས་པ་སྒྲོ་འདོགས་དང་ལྷག་པར་དུ་བཅོས་དཀའ་བའི་ནད་རིགས་བཅོས་ཐུབ་པའི་འགན་ལེན་ནམ་ཡང་ན་ངོ་གྱུར་གྱི་བརྡ་ཁྱབ། རྒྱལ་ཁབ་བམ་ཡང་ན་བྱ་གཞག་ཚན་པ་དང་རིག་གཞུང་གི་སྒྲིག་གཞི་སོགས་ཀྱི་མིང་ཐོག་གམ་ཡང་ན་གཟུགས་བརྙན་སྤྱད་དེ་ར་སྤྲོད་བྱེད་པའི་བརྡ་ཁྱབ་སོགས་ཁྲིམས་འགལ་གྱི་བརྡ་ཁྱབ་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཚན་གྱིས་འབྱུང་རྩ་ནས་གཙང་བཤེར་དང་ཚད་ལྡན་དུ་བཏང་ཡོད། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན། ལྷ་ས་གྲོང་ཁྱེར་གྱིས་ཁྱོན་སྨན་བཅོས་བརྡ་ཆ་སྣ་ཚོགས་ཐེངས་23425ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། སྒྲིག་འགལ་ངང་སྨན་བཅོས་བརྡ་ཁྱབ་གཏོང་མཁན་གྱི་ཁྲིམས་འགལ་བྱེད་སྤྱོད་1ཐོ་འགོད་ཞིབ་བཤེར་ཐག་གཅོད་བྱས་པ་དང་དངུལ་ཆད་སྒོར་ཁྲི་5བཅད་པ་དང་འབྲེལ་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུའི་བརྡ་ཐོའི་ཡི་གེ་1སྤྲད།

སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་བཅོས་མཛེས་བཟོའི་ཐད་སྤྱོད་པའི་སྨན་བཅོས་ཡོ་བྱད་དང་། སྨན་རྫས་འཁོར་རྒྱུག བེད་སྤྱོད་ལྷུ་ཚིགས་དོ་དམ་བཅས་ཀྱི་ཚད་གཞི་ནན་དུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པ་དང་། དབང་པོ་བཅོས་བཟོའི་ཐད་སྤྱོད་པའི་སྨན་ཁབ་ཡོ་བྱད་དང་། སྤྱོད་གཅིག་མའི་སྨན་ཁབ་ཡོ་བྱད། སྦྲིད་སྨན་སོགས་བཅོས་སྒྲིག་ནན་པོ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་གྲོང་ཁྱེར་ཡོངས་སུ་ཁྱོན་སྨན་བཅོས་མཛེས་བཟོའི་སྒྲིག་གཞི་3དང་། སྨན་བཅོས་ཡོ་བྱད་ཚོང་གཉེར་ཁེ་ལས་7 སྨན་རྫས་སིལ་ཚོང་ཁང་198བཅས་ལ་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད་སྨན་བཅོས་མཛེས་བཟོ་ཁང་གི་སྨན་རྫས་དང་སྨན་བཅོས་ཡོ་བྱད་གསོག་ཉར་ཚད་ལྡན་མེད་པ་དང་། ཚོང་ཟོག་འཐེན་ཡུལ་དང་སྤ་སེ་ལེན་པའི་ལམ་ལུགས་ལག་བསྟར་ཡག་པོ་མ་བྱུང་བ། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཚོང་གཉེར་ཁེ་ལས་ཀྱི་རྩིས་ཁྲ་གསལ་པོ་མེད་པ་དང་ཐོ་འགོད་ཆ་མི་ཚང་བ། སྤ་སེ་མེད་པ་སོགས་ཀྱི་གནས་ཚུལ་ལ་འཕྲལ་དུ་བཅོས་སྒྲིག་དང་ཚད་ལྡན་དུ་གཏོང་དགོས་པའི་བཀའ་བཏང་ཡོད། སྨན་བཅོས་མཛེས་བཟོའི་སྒྲིག་གཞི་1གིས་དུས་ཚོད་ཡོལ་བའི་སྨན་སྤྱད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁོངས་གཏོགས་ཁུལ་གྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐོ་འགོད་བརྟག་དཔྱད་བྱས་པ་རེད།

སྨན་བཅོས་མཛེས་བཟོའི་ཞབས་ཞུའི་ལས་རིགས་ཀྱི་རིན་གོང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་མཛེས་བཟོའི་རིན་གོང་དང་དེ་བཞིན་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་སྨན་བཅོས་ཞབས་ཞུའི་རིན་གོང་ཚད་ལྡན་དང་། རྒྱུ་ཆ་ཟད་གྲོན་གྱི་གྲོན་བསྡུ། ཞིབ་བཤེར་རིན་གོང་དང་གྲོན་བསྡུ། རིན་གོང་གསལ་ཐོར་འགོད་པ་དང་གྲོན་བསྡུའི་སྤྱི་བསྒྲགས་ལག་བསྟར་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཕན་ཚུན་ལྐོག་འབྲེལ་བྱས་ནས་ཁྲོམ་རའི་རིན་གོང་སྤོར་བ་དང་། རིན་གོང་རྫུན་མ་བྲི་བ། སྔོན་ལ་གོང་མཐོ་པོ་ཤོད་པ་དང་དེ་ནས་གཅོག་པ། དྲིལ་བསྒྲགས་རྫུན་མ་བྱེད་པ་སོགས་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་ཟང་ཟིང་བཟོ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱས་ཡོད། ད་དུང་སྨན་བཅོས་མཛེས་བཟོ་ཁང་གི་རིན་གོང་ཡོངས་བསྒྲགས་དང་གྲོན་བསྡུའི་རྣམ་གྲངས་ཡོངས་བསྒྲགས་མངོན་གསལ་དོད་པོ་མི་བྱེད་པ་དང་ཆ་མི་ཚང་བ་སོགས་ཀྱི་གནད་དོན་ལ་བཀའ་རྒྱ་བཏང་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་རེད།