《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

དམངས་ཀྱི་ཆེད་དུ་འགན་འཁྲི་བསྒྲུབས། ཁ་མཆུ་འདུམས་ནས་མིག་དཔེ་སྟོན།

—— སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ཐུའོ་ཁྲའོ་ཡི་སྐོར་བཀོད་པ།

ཁོང་གིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་བ་དང་། བབ་ཆགས་པའི་ལས་ཀའི་སྤྱོད་ཚུལ་ཐོག་ནས་མི་སེར་གྱི་དཀའ་ངལ་སེལ་བ་དང་སྲིད་གཞུང་གི་དཀའ་གནད་སེལ་རོགས་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་ཟླ་དང་ཁྱིམ་མཚེས་དབར་གྱི་རྩོད་གཞི་ཆེ་ཆུང་ཚང་མ་གཞི་རིམ་གྱི་འཐབ་ས་དང་པོ་ནས་ཐག་གཅོད་བྱེད་ཀྱི་ཡོད། སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ཐུའོ་ཁྲའོ་ཡིས་ཉམས་ལེན་འབད་སྒྲུབ་ཀྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པས་ས་གནས་དེ་གའི་མང་ཚོགས་ཀྱིས“སྙིང་ཉེ་བ”ཞེས་འབོད་ཀྱི་ཡོད།

གཞི་རིམ་གྱི་འདུམ་འགྲིག་ལས་དོན་རྙོག་འཛིང་ཆེ་ལ་ཙག་ཙིག་ཤ་སྟག་ཡིན་པས། གྲོང་མི་ཁྱིམ་མཚེས་དབར་གྱི་རྩོད་གཞི་ནས་ས་ཁུལ་གྱི་མང་ཚོགས་རང་བཞིན་གྱི་དོན་རྐྱེན་བར་ཚང་མ་དུས་ཐོག་ཏུ་འདུམ་འགྲིག་བྱེད་དགོས་ཀྱི་ཡོད། ཐུའོ་ཁྲའོ་ཡིས་རྒྱུན་དུ་རང་ཉིད་ལ་མང་ཚོགས་ཀྱི་བྱ་བ་ནི་དོན་ཆུང་ཞིག་མིན་པས། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཞག་ནས། འགལ་ཟླ་ཐོན་བཟོ་ཡོད་དུས་ནས་སེལ་གང་ཐུབ་བྱེད་དགོས་པའི་རེ་བ་བཅོལ་གྱི་ཡོད། མང་ཚོགས་དང་འབྲེལ་འདྲིས་ཟབ་ཏུ་གཏོང་ཆེད། ཁོང་གིས་མཐུན་སྦྱོར་བྱས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཚོ(གྲོང་ལྷན)ཁག་ཏུ་བཅའ་ཁྲིམས་བློ་འདྲིའི་ས་ཚིགས་བཙུགས་ནས་ཞིང་འབྲོག་མང་ཚོགས་ཀྱིས་འདུམ་འགྲིག་རེ་ཞུ་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་རེད། ཐུའོ་ཁྲའོ་ཡིས“ལོ་མང་གི་ལས་ཀའི་བརྒྱུད་རིམ་ནང་རྒྱ་ཆེའི་ཞིང་པ་ལས་མིར་གླ་ཕོགས་ལེན་རོགས་བྱེད་པ་ནི་ངས་བརྗེད་པར་དཀའ་བའི་བྱ་བ་ཞིག་ཡིན། བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱས་ནས་རྒྱ་ཆེའི་མི་སེར་དང་ལྷག་པར་དུ་ཕྱིར་གླ་པར་སྐྱོད་མཁན་ཚོར་ཐོབ་དགོས་ངེས་ཀྱི་ཐོབ་ཆ་གྲངས་ཚང་ངང་རག་པའི་རེ་བ་ཡོད”ཅེས་བཤད། ཉེ་བའི་ལོ་ཤས་རིང་ཐུའོ་ཁྲའོ་མི་སྒེར་གྱིས་མང་ཚོགས་ལ་འགལ་ཟླ་དང་རྩོད་གཞི་40ལྷག་ཙམ་གྲལ་བཤེར་བྱེད་རོགས་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་མིག་དམར་གྱིས་ཐུའོ་ཁྲའོ་ཡི་སྐོར་གླེང་སྐབས། “ལས་ཀའི་བརྒྱུད་རིམ་ནང་ཐུའོ་ཁྲའོ་ཡིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་དུས་མཚམས་མི་འདྲ་བའི་འཆར་འགོད་བཟོས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཡོད་པ་རེད། དེ་སྔ་སྟོད་ལུང་བདེ་ཆེན་ཆུས་སུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་རྣམ་པ་ཕུན་སུམ་ཚོགས་པོ་མེད་དེ་ལས་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་སྒྲོག་ཙེ་བསྒྲིགས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་དཔྱད་ཡིག་སྤྲོད་པ་ཙམ་ཡིན། 2015ལོར་ཐུའོ་ཁྲའོ་ཡིས་ཅུས་ཀྲང་གི་འགན་འཁུར་རྗེས་ཁྲིམས་འཛིན་དྲིལ་བསྒྲགས་ཞབས་ཞུའི་དོ་དམ་གསར་གཏོད་བྱས་ཏེ་སྔ་རྗེས་སུ་ཁྲིམས་ལུགས་སྟོད་ལུང་ཞེས་པའི་སྐད་འཕྲིན་སྤྱི་རྟགས་དང་། ‘སྟོད་ལུང་གི་ཁྲིམས་ལུགས་ཁྱབ་གདལ’གྱི་ཁྱུག་དབྱིངས་ཨང་རྟགས་ཐོ་འགོད་བྱས་ནས་སྐད་འཕྲིན་དང་། དཔོད་ཕྲན། དུད་སྣེ་བཅས་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། སྨྱན་སྦྱོར་གསར་པ་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་བཏང་ནས་མི་སེར་ཚོས་ཁྱིམ་ཚང་ནང་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་སྦྱོང་ཐུབ་པ་བྱས་པས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད”ཅེས་བཤད།