《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

བོད་ལྗོངས་ཞིབ་དཔྱོད་ཁང་གིས་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ་གྱོད་དོན་ཡིག་རིགས་ལྟ་ཀློག་ལམ་སྲོལ་བཟོས་པ་དང་ཚད་ལྡན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ《དམངས་དོན་དང་སྲིད་འཛིན་གཏུག་བཤེར་ཡིག་རིགས་ལྟ་བཤེར་གྱི་ལས་དོན་ཚད་ལྡན་དུ་གཏོང་རྒྱུ་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཏོན་ཏེ། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་གི་ནུས་པ་ཐོན་པའི་དམངས་དོན་དང་སྲིད་འཛིན་གྱོད་གཞིའི་ཡིག་རིགས་ལྟ་བཤེར་ལས་དོན་ཚད་ལྡན་དུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《བྱ་ཐབས》ནང་གཏན་འབེབས་བྱས་དོན། མི་དམངས་ཞིབ་དཔྱོད་ཁང་གིས་དམངས་དོན་དང་སྲིད་འཛིན་གཏུག་བཤེར་དང་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི་སྒྲུབ་སྐབས། མི་དམངས་ཁྲིམས་ཁང་གི་ནུས་པ་ཐོན་པའི་དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱོད་གཞིའི་ཡིག་རིགས་ལྟ་བཤེར་བྱེད་ཆོག་པ་དང་། མི་དམངས་ཞིབ་དཔྱོད་ཁང་གིས་དགོས་པ་ཡོད་པའི་ངོས་འཛིན་བྱས་པའི་རིགས། མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཡིག་རིགས་ཀྱི་ཞར་བྱུང་ཡིག་རིགས་ལ་ལྟ་བཤེར་བྱེད་ཆོག མི་དམངས་ཞིབ་དཔྱོད་ཁང་གིས་ཡིག་རིགས་ལྟ་བཤེར་ཡི་གེ་མི་དམངས་ཁྲིམས་ཁང་གི་ཡིག་ཚགས་དོ་དམ་སྡེ་ཚན་ལ་སྐྱེལ་སྤྲོད་བྱས་རྗེས། མི་དམངས་ཁྲིམས་ཁང་གི་ཡིག་ཚགས་དོ་དམ་སྡེ་ཚན་གྱིས་ཡིག་རིགས་ལྟ་བཤེར་ཡི་གེ་བསྡུ་ལེན་བྱ་རྒྱུ་དང་། མི་དམངས་ཁྲིམས་ཁང་ནང་ཁུལ་གྱི་ཞིབ་མཆན་འགོད་རིམ་ལྟར་ཡིག་རིགས་ལྟ་བཤེར་གྱི་བྱ་བ་བསྒྲུབ་རྒྱུ། མི་དམངས་ཁྲིམས་ཁང་གི་ལས་སྒོ་ཁང་གིས་ཡིག་ཚགས་དོ་དམ་སྡེ་ཚན་གྱིས་ཡིག་རིགས་ལྟ་བཤེར་བྱེད་པར་གཞོགས་འདེགས་བྱ་རྒྱུ། ཡིག་རིགས་ལྟ་བཤེར་ལས་དོན་ལེགས་གྲུབ་བྱུང་རྗེས་མི་དམངས་ཞིབ་དཔྱོད་ཁང་ལ་ཡིག་རིགས་བསྡུ་ལེན་བྱ་རྒྱུའི་བརྡ་ཐོ་དུས་ཐོག་ཏུ་གཏོང་རྒྱུ་བཅས་རེད།

《བྱ་ཐབས》ནང་གསལ་བཏོན། མི་དམངས་ཞིབ་དཔྱོད་ཁང་གིས་ཡིག་རིགས་ཀྱི་མ་ཡིག་ལྟ་བཤེར་དང་། པར་སློག གནད་བཤུས། གཡར་ལྟ་བཅས་བྱེད་པ་དང་གློག་རྡུལ་ཡིག་རིགས་ལྟ་བཤེར་བྱེད་པའི་རྣམ་པའི་ཐོག་ནས་དམངས་དོན་དང་སྲིད་འཛིན་གཏུག་བཤེར་གྱི་གྱོད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་དགོས་པ་དང་། མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་ཡིག་རིགས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ནས་ཞར་བྱུང་ཡིག་རིགས་དང་འབྲེལ་བ་ཡོད་པའི་འདྲི་གཅོད་གསང་བ་དམ་སྲུང་ལས་དོན་ཡག་པོ་སྒྲུབ་དགོས། བེད་སྤྱོད་དང་ཉར་ཚགས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་གཏུག་བཤེར་ཡིག་རིགས་བོར་བརླག་སོང་བ་དང་། རལ་སྐྱོན་བྱུང་བ། འདྲི་གཅོད་གསང་བ་གྱར་པ་བཅས་བྱུང་རིགས། མི་དམངས་ཞིབ་དཔྱོད་ཁང་གི་ཡིག་རིགས་ལྟ་བཤེར་བ་དང་འབྲེལ་ཡོད་ཀྱི་ལས་སྒྲུབ་མི་སྣས་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།