《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཚན་ཞིབ་པུའི་ཀྲུའུ་རེན་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)གཞོན་པ། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་བཅས་ཡིན་པའི་དབན་ཏའེ་ཤིས་གདན་དྲངས་ནས་ཆེད་དོན་སློབ་ཁྲིད་བྱས་པ་རེད།

དབན་ཏའེ་ཤིས་ཀྱིས“སེམས་ལ‘རྒྱལ་ཁབ་ཀྱི་དོན་ཆེན’འཆང་བ”དང་། “བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ”“རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ”སོགས་ཀྱི་ཐད་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ཅིང་། དེའི་ནང་དོན་ཕུན་སུམ་ཚོགས་པ་དང་། བརྗོད་དོན་ཁ་གསལ་ཞིང་གྲངས་གཞི་ཡོད་ལ་དཔེ་ཡང་ཡོད་པ་མ་ཟད། དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཤུགས་ཆེན་ལྡན་པས། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུར་གལ་ཆེའི་ནུས་པ་ལྡན་ཡོད།

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁོངས་གཏོགས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུར་མུ་མཐུད་ཁྲིད་སྟོན་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྙན་སྒྲོན་དང་གསུང་བཤད་ཀྱི་ནང་དོན་དང“མིག་དཔེ་དྲུག”གི་མཛུབ་སྟོན་བླང་བྱ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “འཛུགས་གཏོད་བཞིར”སྐུལ་འདེད་ནུས་ལྡན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པའི་དམིགས་ཚད་དང་ངེས་གནས་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དངོས་འབྲེལ་ནང་སེམས་སུ་འཇགས་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆབ་སྲིད་ཀྱི་ཚུགས་གནས་བརྟན་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རྫོགས་མཐའ་མེད་པའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་ཆེད་ཡིན་པ་རེད།

(སྐལ་མཆོག་གིས་བསྒྱུར། ལྷག་ཚེས་ཞུས)