《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2022年01月11日

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ལྷ་ས་དང་ཉིང་ཁྲིར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རྣམ་གཉིས་ཀྱིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་དང་མཉམ་དུ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུའི་ཐད་དགོངས་འཆར་སྤེལ་རེས་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ལྷན་དུ་ཕེབས་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཅུ་གསུམ་པའི་ཙུའུ་ཀྲང་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡན་ཧྲུའུ་ཅང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་དེ་ཚོགས་ཆུང་གསུམ་ལ་བགོས་ནས་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་། ལྷ་ས་གྲོང་ཁྱེར་གཅིག་སྡུད་ལོགས་འཇོག་དོ་དམ་ཁུལ་གྱི་གནས་ཚང་གསོལ་མགྲོན་ཁང་ཁ་འགྲེམས་བྱེད་ཐེངས་གཉིས་པའི་ས་ཚིགས། གནས་གཏན་འཁེལ་གྱི་སྨན་ཁང་། གནས་གཏན་འཁེལ་མིན་པའི་སྨན་ཁང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་སྨན་བཅོས་ཁང་། གྲྭ་བཞི་གྲོང་གསར་སྡེ་ཁུལ་གྲོང་ལྷན་དང་དགོན་སྡེ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གཏམ་སྙན་ཤང་འཕྲོད་བསྟེན་ཁང་། གྲོག་རོང་ཆེན་པོའི་མཛེས་ལྗོངས་ཁུལ། ཉིང་ཁྲི་གྲོང་ཁྱེར་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས། གློག་བརྙན་ཁང་། དཔེ་མཛོད་ཁང་། བོད་ཤར་ལྷོའི་རིག་གནས་སྟོན་ཚོགས་གླིང་། སྨན་གླིང་གནམ་ཐང་སོགས་གཙོ་གནད་ཁུལ་དང་། དེ་བཞིན་འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན། གཅིག་སྡུད་ལོགས་འཇོག་དོ་དམ། སྨན་བཅོས་རོགས་སྐྱོབ་དང་སྨན་ཁང་གི་འགོ་ནད་ཚན་ཁག་གི་སྔོན་འགོག་དང་ཚོད་འཛིན། གཙོ་གནད་བྱེད་སྒོ་སྤེལ་ཡུལ་གྱི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་གཙོ་གནད་ལྷུ་ཚིགས། ཕྱོགས་ཁག་གི་འགན་འཁྲི་དོན་འཁྱོལ་བྱེད་ཚུལ་དང་། བྱེད་ཐབས་ཁག་དོན་འཁྱོལ་དང་དམིགས་སར་ཞིབ་ཕྲ་འབྱོར་ཚུལ། གྲལ་བཤེར་གནད་དོན་དག་ཐེར་བྱེད་ཚུལ་བཅས་ལ་ཚན་རིག་དང་མཐུན་ལ་ཞིབ་ཅིང་ཕྲ་བའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་རང་ལྗོངས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབས་པ་བཅས་ལ་ཁས་ལེན་བྱས་པ་དང་འབྲེལ། ས་གནས་ས་ཐོག་ནས་མཛུབ་ཁྲིད་བསམ་འཆར་ཞིབ་ཕྲ་བཏོན་པ་རེད། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཕྲད་པའི་ཉེན་ཁར་སྣང་ཆུང་སྤུ་ཙམ་ཡང་མི་བྱེད་པར“ཕྱོགས་བཞིའི་འགན་འཁྲི”ནན་དུ་ཏན་ཏིག་གཏོང་བ་དང་། རིམས་ནད་ཕྱི་ནས་མ་འགོ་བའི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་དེ་ལས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྐྱོན་ཆ་གསེད་བཀྲོལ་དང་གྲལ་བཤེར་བྱེད་ཤུཌ་ཆེ་རུ་གཏོང་བ། དུས་ཐོག་ཏུ་ཆད་སྐྱོན་དང་ཞན་ཆ་སེལ་ཤུགས་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉིང་སྐྱུར་བརྟག་དཔྱད་དང་། སྨན་བཅོས་རོཌ་སྐྱོབ། གཅིག་སྡུད་ལོགས་འཇོག་བྱ་ཡུལ་གྱི་སྒྲིག་ཆས་བཀོད་སྒྲིག་དང་འཕྲལ་སྡོམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ལ་རོགས་སྐྱོར་བྱེད་པ་སོགས་ལ་གྲ་སྒྲིག་ཡག་པོ་བྱས་ནས་ནུས་ཤུཌ་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་གཏན་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད།

ཁྲེན་ཡུང་ཆིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། བསམ་བློ་དང་བྱ་སྤྱོད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་གཅིག་གྱུར་དང་ཏན་ཏིག་ཡོང་བར་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་གོ་སྐབས་སུ་འཛིན་པ་དང་། རིམས་ནད་ཕྱི་ནས་མ་འགོ་བའི་འགག་རྩ་འདིར་དམ་འཛིན་ནན་པོ་བྱེད་པ། སྔོན་འགོག་གི་རྨང་གཞི་བརྟན་དུ་ཏན་ཏིག་གཏོང་བ། རིམ་པ་བཞིན་གནད་འགག་ཡིན་པའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། ཆད་སྐྱོན་དང་ཞན་ཆ་ཧུར་ཐག་སེལ་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་གཏོང་བ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་མགྱོགས་སུ་གཏོང་བ། འཕྲལ་སྡོམ་འགན་ལེན་གྱི་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིམས་དཔྱད་ཁུངས་འདེད་དང་ཉེན་ཁ་གྲལ་བཤེར་གྱི་དུས་ཐོག་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ། དེ་བས་ཚན་རིག་དང་མཐུན་ལ་གནད་སྨིན་ཏན་ཏིག་གི་སྒོ་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།