《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

“འཛིན་རྒྱ་དམར་པོ་བཏང་བའི”ཉེས་གསོག་དོགས་ཅན་14རང་རྒྱལ་དུ་བསྐྱལ་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་མངའ་ཁོངས་ཕྱིའི་ཁྲིམས་འཛིན་སྡེ་ཚན་དང་མཉམ་ལས་དམ་ཟབ་བྱས་པ་བརྒྱུད། མངའ་ཁོངས་སྒྲོལ་ནས་རྒྱན་པོ་འགྱེད་པ་དང་གློག་འཕྲིན་ཁ་བསླུས་རྒྱག་པ་སོགས་ཀྱི་ཉེས་པ་བསགས་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི“འཛིན་རྒྱ་དམར་པོ”གཏོང་ཡུལ་དང་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ཉེས་གསོག་དོགས་ཅན་14ཕྱི་རྒྱལ་ནས་རང་རྒྱལ་དུ་བསྐྱལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བྱ་ཐབས་ནན་པོ་སྤྱད་དེ། མངའ་ཁོངས་སྒྲོལ་བའི་རྒྱན་འགྱེད་ཚོགས་པས་རང་རྒྱལ་དུ་རྒྱན་འགྱེད་ལ་ཡོང་ཐབས་དང་རྒྱན་འགྱེད་འགུག་ཐབས་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། རང་རྒྱལ་དུ་རྒྱན་འགྱེད་ལ་ཡོང་ཐབས་དང་རྒྱན་འགྱེད་འགུག་ཐབས་བྱེད་མཁན་གྱི་མངའ་ཁོངས་ཕྱིའི་རྒྱན་པོ་འགྱེད་ཡུལ་དང་དྲ་རྒྱའི་རྒྱན་འགྱེད་ལས་སྟེགས་མང་པོ་ཞིག་མེད་པར་བཟོས་པ་དང་སྒོ་རྒྱག་ཏུ་བཅུག་ནས། མངའ་ཁོངས་ཕྱིའི་མངའ་ཁོངས་སྒྲོལ་བའི་རྒྱན་འགྱེད་ཚོགས་པས་རང་རྒྱལ་དུ་རྒྱན་འགྱེད་ལ་ཡོང་ཐབས་དང་རྒྱན་འགྱེད་འགུག་ཐབས་བྱེད་པའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་ཐུབ་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་ཀྱི་གཟུགས་བརྙན་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། རང་རྒྱལ་གྱིས་རྡུང་རྡེག་དང་ཟིལ་གནོན་ཤུགས་ཆེན་འོག དྲ་རྒྱའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ཚོགས་པ་ཁག་གཅིག་གིས་ཨེ་ཤེ་ཡ་ཤར་ལྷོ་ནས་གོ་ལ་ཧྲིལ་པོའི་ས་གནས་ཁག་ཏུ་བསྐྱོད་དེ། རྒྱལ་ནང་གི་མི་སྣ་ཕྱི་རྒྱལ་དུ་ལས་ཞུགས་བྱ་རྒྱུར་མགོ་སྐོར་ཟམ་མི་ཆད་པར་བཏང་བ་མ་ཟད། དྲག་ཤུགས་འཇིགས་སྐུལ་དང་ཁྲིམས་འགལ་ངང་བཀག་སྐྱིལ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བཙན་ཤེད་དང་ལས་མིར་ཚོད་འཛིན་བྱས་ཏེ། ཀྲུང་ཕྱིའི་སྤྱི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་ནས་ཀྲུང་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་སྣ་རྒྱུན་གཏན་གྱི་འགྲོ་འོང་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད།

གོང་གསལ་གྱི་གནས་ཚུལ་ལ་དམིགས་ཏེ། ཕྱི་འབྲེལ་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་མཐུན་སྦྱོར་འོག ཀྲུང་གོའི་སྤྱི་བདེ་པུས་ཕྱི་རྒྱལ་གྱི་ཁྲིམས་འཛིན་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཉེ་ཆར་ཕྱི་རྒྱལ་ནས་འཛིན་བཟུང་བྱས་པའི་རྒྱལ་ཁོངས་ཀྲུང་གོ་ནས་ཡིན་པའི་ཉེས་གསོག་དོགས་ཅན་14གཅིག་སྡུད་ཐོག་རང་རྒྱལ་དུ་བཟུང་སྐྱེལ་བྱས་ནས་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་ཟིལ་གནོན་ཤུགས་ཆེན་བྱས་པས་ཀྲུང་གོ་དང་ཕྱི་རྒྱལ་ཕྱོགས་གཉིས་པོའི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་དང་མི་དམངས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།