《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས།

“ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རཌ་བརྟན་པོ་བསྐྲུན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་བ།

འདི་ནི་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་ཁྲེང་ཀོན་ཆུས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་མཉམ་དུ་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་ཁྲིམས་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སེམས་སུ་ཟུག་པ་དང་། གཏིང་ཟབ་ཕྱོགས་སུ་སྤེལ་བ། དོན་འཁྱོལ་ཏན་ཏིག་ཐུབ་པ་བཅས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། མིག་སྔར་སྤེལ་བའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཉིན་ཤས་གོང་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་ཁྲེང་ཀོན་ཆུས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་མཉམ་དུ་སེ་ར་དགོན་དང་། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་བརྒྱད་གཅིག་སྡེ་ཁུལ། བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་སོགས་སུ“ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང་བ”བརྗོད་དོན་གཙོ་བོར་བྱས་པའི་རིམ་སྤེལ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་རིང་། “ཁྲིམས་སྐྱོང་མི་སྣ་ཆེ་གྲས་བཅུའི”བྱས་རྗེས་བརྙན་ཐུང་དང་ཁྲིམས་སྐྱོང་གི་གློག་བརྙན་ཐུང་ངུ་ལྟ་བ་དང་། རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་ཀྱི་བརྗོད་དོན་གཙོ་བོའི་གླུ་གཞས་གཏོང་བ། ཁྲིམས་སྐྱོང་འཁྲབ་ཚན་ཐུང་ངུ་འཁྲབ་སྟོན་བྱེད་པ། བཅའ་ཁྲིམས་ཁྱབ་གདལ་གྱི་དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་སྤྲོད་པ། ཁྲིམས་ལུགས་བློ་འདྲི་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས《རྩ་ཁྲིམས》དང་། 《དམངས་དོན་ཁྲིམས་གཞུང》 《ཉེས་ཁྲིམས》 《བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》སོགས་དང་དེ་བཞིན་ཁྲིམས་དང་མི་མཐུན་པའི་ངང་མ་དངུལ་བསྡུ་རུབ་སྔོན་འགོག་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་ཤེས་བྱ་སྣ་ཚོགས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཡོད།

བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་ཆེད་དོན་ཚོགས་རར་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་ཆེ་གྲས་བཅུའི”གྲས་ཤིག་ཡིན་པའི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉིང་ལག་རུ་ཁག་གི་ཉེན་རྟོག་དཔོན་བསྟན་འཛིན་འཇིགས་མེད་གདན་དྲངས་ཏེ་བྱས་རྗེས་སྙན་ཞུ་ཕུལ་བ་རེད། བསྟན་འཛིན་འཇིགས་མེད་ཀྱིས་ཉེས་དོན་མྱུལ་ཞིབ་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་བའི་སྐད་ཆ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཐོག་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཞིག་གིས་ནགས་གཤེད་ཕྱོགས་གཏོགས་དང་བློ་རིག་འགྲན་པ་དང་། འགག་སྒྲོལ་དཀའ་སེལ། རྒྱུན་མཐུད་འཐབ་འཛིང་བཅས་བྱས་ཏེ་ནགས་གཤེད་ཕྱོགས་གཏོགས་མཐའ་གཅིག་ཏུ་མེད་པ་བཟོས་པའི་སྔོན་ཐོན་བྱས་རྗེས་བརྗོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི“ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྤེལ་བ་ལས་མི་6000ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། རིགས་སྣ་ཚོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔེ་དེབ་དང་། དཔྱད་གཞིའི་ཡིག་རིགས། དྲིལ་བསྒྲགས་དངོས་པོ་བཅས་ཁྲི་3ལྷག་ཙམ་སྤྲད་ཡོད་པ་རེད།