《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年12月07日

སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་རིན་ཆེན་གྱིས་དམངས་ ཀྱི་ཆེད་དུ་བྱ་བཟང་མང་པོ་བསྒྲུབས་པ།

རིན་ཆེན་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་ཉི་དྲོ་གླིང་སྡེ་ཁུལ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་དཀྱུས་མ་ཞིག་ཡིན་ལ། གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན། ལས་ཀར་ཞུགས་པ་ནས་བཟུང་། རིན་ཆེན་གྱིས་ཉི་དྲོ་གླིང་སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པའི་ལས་འགན་འཁུར་ཞིང་། ཉིན་ལྟར་གཞི་རིམ་དུ་བསྐྱོད་དེ་དུད་ཚང་དུ་འཚམས་འདྲིར་བསྐྱོད་པ་དང་། སྡེ་ཁུལ་གྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པ། ཁྱིམ་མཚེས་བར་གྱི་རྩོད་གཞི་འདུམ་སྒྲིག་བྱེད་པ་སོགས་ལས་གནས་དེར་ལས་ཀ་བྱས་ནས་ལོ་10འགྲོ་ཡི་ཡོད། མིག་སྔའི་བར། རིན་ཆེན་གྱིས་དུད་ཚང་18000ལྷག་ཙམ་ལ་འཚམས་འདྲི་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གནས་སྡོད་ལག་ཁྱེར་དང་གནས་སྡོད་ཐོ་འགོད་གཱ་20000ལྷག་ཙམ་གཉེར་བ། མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ལག་ཁྱེར་ཐེངས་15000ལྷག་ཙམ་སྤྲད་པ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་150ལྷག་ཙམ་སེལ་བ་ལ་འབྲེལ་ཡོད་མ་དངུལ་སྒོར་ཁྲི་50ལྷག་ཙམ་ཟིན་གྱི་ཡོད་པ་རེད།

རིན་ཆེན(གཡོན)གྱིས་ཁོངས་གཏོགས་ཁུལ་གྱི་བོགས་གཏོང་ཁང་པའི་ནང་ཕྱོགས་མིའི་ཐོ་འགོད་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

1 ཁོངས་གཏོགས་ཁུལ་གྱི་གྲོང་མིའི་དཀའ་ངལ་དངོས་ཐག་གཅོད་བྱས་པ།

ཉི་དྲོ་གླིང་སྡེ་ཁུལ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་སྲས་ཁུལ་ཆུང་དགུ་པར་སྡོད་བཞིན་པའི་ཡུ་གུར་རིགས་ཀྱི་མང་ཚོགས་མུའུ་ཧའེ་མའེ་ཐི་ཡི་ནང་ཚང་ནི་ཤིན་ཅང་ཁ་ཧྲི་ནས་ཡིན་ཞིང་། མུའུ་ཧའེ་མའེ་ཐི་ཡི་ཕ་མ་ལོ་བཅུ་གྲངས་གོང་ལྷ་སར་ཚོང་རྒྱག་པར་ཡོང་བ་དང་། ཕྱིས་སུ་ཁོང་ཡང་ཕ་མ་དང་མཉམ་དུ་ལྷ་སར་སླེབས། “མུའུ་ཧའེ་མའེ་ཐི་ཡི་ཐེམ་ཁུངས་ཤིན་ཅང་ཡིན་པས། སློབ་གྲྭར་ཞུགས་པའི་འགྲོ་ལུགས་གཉེར་རྒྱུ་དེ་ཧ་ཅང་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཏུ་གྱུར། རིན་ཆེན་གྱིས་གནས་ཚུལ་ཤེས་རྗེས། རང་འགུལ་ངང་མུའུ་ཧའེ་མའེ་ཐི་ཡི་སློབ་ཞུགས་འགྲོ་ལུགས་གཉེར་རོགས་བྱས་པ་དང་ཁོང་ཚོར་འཕྲད་པའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས། མཐར་རིན་ཆེན་གྱི་རོགས་རམ་འོག་མུའུ་ཧའེ་མའེ་ཐི་ཀོང་ཤིས་མཛའ་གྲོགས་སློབ་ཆུང་དུ་འགྲོ་ཐུབ་པ་རེད”ཅེས་ཉི་དྲོ་གླིང་སྡེ་ཁུལ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་གསར་འགོད་པར་བཤད།

ཕྱིས་སུ་མུའུ་ཧའེ་མའེ་ཐི་ཡི་གཅུང་མོ་ཕ་ཐི་མ་ལྷ་སར་སྐྱེས། ཕ་ཐི་མ་ལོ་ཚད་ལོན་ནས་བུ་བཅོལ་ཁང་དུ་འགྲོ་བའི་དུས་སུ་སླེབས་སྐབས་བུ་མོའི་ཕ་མས་ཐེམ་ཐོ་མེད་ན་སློབ་གྲྭར་ཞུགས་པའི་འགྲོ་ལུགས་གཉེར་མི་ཐུབ་པ་ཤེས། “ཕ་ཐི་མའི་ཐེམ་ཐོ་ཐོ་འགོད་བྱེད་པར་ཤིན་ཅང་དང་འབྲེལ་བ་བྱེད་དགོས་པ་དང་བརྒྱུད་རིམ་རྙོག་འཛིང་ཆེ་བར་བརྟེན། བུ་མོའི་ཕ་མས་ཀྱང་ཐེམ་ཐོ་ཡོད་སའི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་རུང་འབྲས་བུ་མ་ཐོན། ངའི་བསམ་པར་ཕྲུ་གུ་སློབ་གྲྭར་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས་ངས་ཀོང་ཤིས་མཛའ་གྲོགས་སློབ་ཆུང་གི་བུ་བཅོལ་ཁང་ལ་འབྲེལ་གཏུག་བྱས་ཏེ་ཕ་ཐི་མ་སྔོན་ལ་སློབ་གྲྭར་འགྲོ་རུ་བཅུག་པ་དང་། ཐེམ་ཐོ་ཐོ་འགོད་ཀྱི་འགྲོ་ལུགས་མགྱོགས་མྱུར་གཉེར་ཐུབ་པ་བྱེད་ཀྱི་ཡིན”ཞེས་རིན་ཆེན་གྱིས་གསར་འགོད་པར་བཤད། དེ་ལྟར་ཕ་ཐི་མ་བུ་བཅོལ་ཁང་དུ་བདེ་བླག་ངང་འགྲོ་ཐུབ་པ་བྱུང་བ་དང་རིན་ཆེན་གྱིས་འཕྲལ་མར་ཕ་ཐི་མའི་ཐེམ་ཐོ་ཡོད་ས་དང་ཁ་པར་ནས་འབྲེལ་གཏུག་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཕ་ཐི་མའི་ཐེམ་ཐོ་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་ཟིན་པ་རེད།

2 ཁོངས་གཏོགས་ཁུལ་གྱི་དཔང་ཡིག་རྫུན་མ་བཟོ་ས་ཞིག་མེད་པ་བཟོས་པ།

2017ལོའི་ཟླ་5ཚེས་14ཉིན། ཉི་དྲོ་གླིང་སྡེ་ཁུལ་གྱི་ཉེན་དོན་ཁང་ལ་མང་ཚོགས་ཀྱི་ཁ་པར་འབྱོར་ནས་རྣམ་སྲས་ཁུལ་ཆུང་དགུ་པའི་ནང་དོགས་ཡོད་སྐྱེས་པ་ཞིག་རྟག་ཏུ་འགྲོ་འོང་བྱེད་པ་མ་ཟད། སྡེ་ཁུལ་ཉེ་འགྲམ་གྱི་རླངས་འཁོར་འགྲམ་དུ་དངོས་ཟོག་བརྒྱུད་སྤྲོད་བྱེད་པའི་སྐོར་བརྗོད། གནས་ཚུལ་ཤེས་རྗེས་རིན་ཆེན་དང་སྡེ་ཁུལ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་གཞན་དག་གིས་བརྟག་དཔྱད་བྱས་པ་རེད།

མི་དམངས་ཉེན་རྟོག་པས་སྐྱེས་པ་དེ་རྒྱུན་དུ་འདོན་སའི་ས་ཆར་མྱུལ་ཞིབ་བྱས་པ་བརྒྱུད་ཁོ་པ་འཛིན་ཐུབ་པ་རེད། དེ་རྗེས་རིན་ཆེན་དང་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པ་གཞན་དག་མཉམ་དུ་ཁོ་པའི་སྡོད་གནས་སུ་ཡོང་སྐབས་སྐྱེས་པ་དེའི་སྡོད་གནས་ནི་ལག་ཁྱེར་རྫུན་མ་བཟོ་འཚོང་བྱེད་ས་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་མི་དམངས་ཉེན་རྟོག་པས་སྔར་བས་བརྟག་དཔྱད་བྱས་པ་བརྒྱུད། སྐྱེས་པ་དེས་གཙོ་བོ་བཟོ་བསྐྲུན་ལས་གྲྭའི་ཁྱབ་ཁོངས་ཀྱི་ལག་ཁྱེར་རྫུན་མ་བཟོ་བ་དང་དུས་མཚུངས་ལས་རིགས་དང་ཁྱབ་ཁོངས་གཞན་དག་གི་ལག་ཁྱེར་རྫུན་མའང་བཟོ་གི་ཡོད་པ་རེད། མི་དམངས་ཉེན་རྟོག་པས་སྐྱེས་པ་དེའི་སྡོད་ཁང་ནས་ཐེལ་ཙེ་རྫུན་མ་2000ལྷག་ཙམ་དང་། ལག་ཁྱེར་རྫུན་མའི་ཕྱེད་སྒྲུབ་དངོས་རྫས་5000 ལག་ཁྱེར་རྫུན་མ་200 གློག་ཀླད་2 འོད་རྟགས་འཕྲུལ་འཁོར་3བཅས་གཞུང་བཞེས་བཏང་བ་མ་ཟད། སྐྱེས་པ་དེ་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་བརྩིས་སྤྲད་པ་རེད།

3 རིམ་བཞིན་ཕུལ་བྱུང་གི་མི་དམངས་ཉེན་རྟོག་པ་ཞིག་ལ་གྱུར་པ།

ལོ་བཅུའི་རིང་སྡེ་ཁུལ་དུ་ལས་པ་བྱས་པ་བརྒྱུད། རིན་ཆེན་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཕོ་གསར་ཞིག་ནས་ཚད་ལོན་པའི་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་པ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གནས་ཚུལ་ཚང་མ་ཁོང་གི་རྒྱུན་གཏན་འཚོ་བ་དང་ལས་ཀའི་ཆ་ཤས་ཤིག་ཏུ་གྱུར་ཡོད། སྡེ་ཁུལ་གྱི་མི་དམངས་ཉེན་རྟོག་པ་བྱས་ཚུན། རིན་ཆེན་ལ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་བྱ་དགའ་ཐེངས་2ཐོབ་པ་དང་། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པར་ཐེངས་2བདམས་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་བདེ་སྲུང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་པ་སོགས་མཚན་སྙན་མང་པོ་ཐོབ་ཡོད། ལོ་བཅུའི་རིང་། རིན་ཆེན་གྱིས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་བའི་རྣམ་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་སྒྲུབ་བཞིན་ཡོད་ལ། བློས་གཏོང་དང་འགན་འཁུར་གྱིས་སྤྱིར་བཏང་མིན་པའི་མི་ཚེའི་ལེའུ་ཞིག་བརྩམས་ཡོད། (བསོད་བདེ་གཞོན་པས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)