《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མི་ཁྲི་233གྱི་རྒན་གསོ་ འགན་བཅོལ་གྱི་གྲོན་དངུལ་གསབ་འཇལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་ནས་ཤེས་རྟོགས་བྱས་པར། དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་གི་སྤྱི་ཚོགས་འགན་བཅོལ་གྱི་རྒྱུན་མཐུད་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ཟླ་7ཚེས་23ཉིན་བར། རྒྱལ་ཡོངས་སུ་ཁྱོན་དམག་ཞབས་ཐིམ་པའི་དམག་མི་ཁྲི་290ཡི་སྤྱི་ཚོགས་འགན་བཅོལ་གསབ་འཇལ་དང་ལེན་བྱས་པ་དང་། མི་ཁྲི་276ལྷག་ཙམ་ལ་ཐོག་མའི་ཞིབ་དཔྱད་བྱས་པ་མ་ཟད། མི་ཁྲི་233གྱི་རྒན་གསོ་འགན་བཅོལ་གྱི་གསབ་འཇལ་ལས་དོན་ལེགས་སྒྲུབ་བྱས་པ་རེད།

ད་ཕན་ལོ་ཤས་རིང་། དམག་ཞབས་ཐིམ་པའི་དམག་མིའི་ཁྲོད་ཁག་གཅིག་ལ་སྲིད་གཞུང་གིས་ལས་ཀ་བཀོད་སྒྲིག་བྱེད་པའི་བྱེད་ཐབས་བརྒྱུད་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་དུས་ཐོག་ཏུ་ཞུགས་མེད་པའམ་ཡང་ན་འགན་བཅོལ་ནང་ཞུགས་རྗེས་ལས་ཤོར་སོགས་རྐྱེན་གྱིས་འགན་བཅོལ་འཇལ་གྲོན་ཆད་པས་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་ལེན་ཐོབ་ཐང་ལོངས་སྤྱོད་བྱ་རྒྱུར་དཀའ་ངལ་འཕྲད་ཡོད། དེར་བརྟེན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2019ལོར《དམག་ཞབས་ཐིམ་པའི་དམག་མི་ཁག་གཅིག་གི་སྤྱི་ཚོགས་འགན་བཅོལ་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་། བསམ་འཆར་གྱི་བླང་བྱ་གཞིར་བཟུང་། སྲིད་གཞུང་གིས་ལས་ཀ་བཀོད་སྒྲིག་བྱེད་པའི་བྱེད་ཐབས་བརྒྱུད་དམག་སྐུལ་དང་ལེན་ཞུ་བཞིན་པའི་དམག་མི་དམག་ཁོངས་ནས་ཕྱིར་འཐེན་བྱས་ཏེ་འགན་བཅོལ་ནང་ཞུགས་མེད་པའམ་འགན་བཅོལ་འཇལ་གྲོན་ཆད་པའི་གནད་དོན་ཡོད་རིགས་འགན་བཅོལ་ནང་ཞུགས་ཆོག་པ་དང་གསབ་འཇལ་བྱེད་ཆོག་པ་དང་། གསབ་འཇལ་བྱེད་སྐབས་དུས་འགྱངས་ཆད་དངུལ་རྩ་ཆག་གཏོང་རྒྱུ་དང་། དམག་མིར་ཞུགས་སྐབས་འགན་བཅོལ་ནང་ཞུགས་མེད་རིགས་ལ་དམག་མིར་ཞུགས་པའི་དུས་ཚོད་དེ་འགན་བཅོལ་ནང་ཐོག་མར་ཞུགས་པའི་དུས་ཚོད་ལ་བརྩིས་ཡོད་པ་རེད།