《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年08月04日

འཆལ་སྤྱོད་སྤེལ་ཡུལ་གྱི་འགེབས་སྲུང་བྱེད་མཁན་མངགས་གཏོང་ཁང་གི་སུའོ་ཀྲང་།

ལོ་30ཡང་སླེབས་མེད་པའི་བཀྲ་ཤིས(འགྱུར་མིང)སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ནས་ཐོན་རྗེས་ཕ་ཕུལ་ནག་ཆུ་གྲོང་ཁྱེར་དུ་མངགས་གཏོང་ཁང་གི་སུའོ་ཀྲང་བྱས་ཤིང་། གྲོགས་པོ་དང་། ལས་རོགས། ཐ་ན་འགོ་ཁྲིད་བཅས་ཀྱི་མིག་ནང་ཁོ་པ་ནི་གཞོན་ནུ་འཇོན་ཐང་ཅན་ཞིག་རེད།

བསམ་ཡུལ་ལས་འདས་པ་ཞིག་ལ་2019ལོའི་ཟླ་10པར་བཀྲ་ཤིས་ནག་ཆུ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བཀག་ཉར་བྱས་པ་དང་ལོ་དེའི་ཟླ་12ཚེས་26ཉིན་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཛིན་བཟུང་བྱས། 2020ལོའི་ཟླ་6པར་སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གིས་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་བཀྲ་ཤིས་ལ་དུས་བཀག་བཙོན་འཇུག་ལོ་བཞི་ཡི་ཆད་པ་བཅད།

གཞོན་ནུ་འཇོན་ཐང་ཅན་ནས་བཙོན་པ་ཞིག་ཏུ་གྱུར་པའི་བར་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་སྟོང་ཟད་དུ་བཏང་བ་ཙམ་མ་ཟད། མི་དམངས་ལ་ཞབས་འདེགས་ཞུ་བའི་མི་དམངས་ཉེན་རྟོག་པ་ཞིག་གི་ཆོད་སེམས་ཀྱང་རྡོག་རོལ་དུ་བཏང་ཡོད།

འཆལ་སྤྱོད་སྤེལ་ཡུལ་གྱི་འགེབས་སྲུང་བ་བྱས་པ།

བཀྲ་ཤིས་ལ་ཐོག་མར་འཐོམ་ཞྭ་གཡོག་མཁན་ནི་འཕུར་མཉེད་ཁང་གི་སྦྱིན་བདག་ཝང་པིས་ཡུན་རེད། ལོ་དེ་དག་ནང་སྤྱི་བདེ་ལས་ཁུངས་ཀྱིས་འཆལ་རྡུང་ལོག་སེལ་ཤུགས་ཆེན་བྱས་པས་ཝང་པིས་ཡུན་གྱི་འཕུར་མཉེད་ཁང་ལ་ཚོང་གཅིག་རྐྱང་མེད་མོད། འོན་ཀྱང་ཚོང་གཉེར་ལ་མཁས་པའི་ཝང་པིས་ཡུན་གྱིས་ལྐོག་གཡོའི་མིག་མདའ་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་གི་སུའོ་ཀྲང་བྱས་མ་ཐག་པའི་བཀྲ་ཤིས་ལ་འཕངས་བ་སྟེ། གཞོན་ནུ་འགྲོ་སོང་ཆེ་བས་ཁོ་ལ་རྔན་པ་སྤྲད་ནས་རང་ཉིད་ཀྱི་ཚོང་ལ་ལྟ་རྟོག་བྱ་རྒྱུའི་བསམ་བློ་འཁོར།

དེས་ན་ཕྱོགས་མང་པོ་དང་འབྲེལ་གཏུག་བྱས་མཐར་ཝང་པིས་ཡུན་གྱིས་བཀྲ་ཤིས་ལ་དེ་ལྟ་བུའི་འཐོམ་ཞྭ་གཡོགས། 2013ལོའི་ཟླ་6པར་KTVཞིག་གི་བཅད་ཁང་ནང་གླུ་ལེན་གར་འཁྲབ་ཁྲོད་ཅུང་ར་བཟི་བ་དང་བསྟུན་ནས་དངུལ་སྨར་སྒོར་བདུན་སྟོང་བཀྲ་ཤིས་ཀྱི་ཨམ་ཕྲག་ནང་བླུགས།

ཆང་རག་བཏུངས་པ་ཙམ་གྱིས་བཀྲ་ཤིས་ལ་གཡོ་འགུལ་ཐེབས་མེད་མོད། འོན་ཀྱང་སྐབས་དེ་དུས་ཝང་པིས་ཡུན་གྱིས། བུ། དངུལ་དེ་ལེན་དང་། གཞོན་ནུ་ཚང་མ་འགྲོ་སོང་ཆེན་པོ་ཡོད་པས་རང་ཉིད་ཀྱི་དབང་ཆ་བེད་སྤྱོད་གཏོང་དགོས་ཞེས་བསླུ་ཁྲིད་བྱས།

བཀྲ་ཤིས་ཀྱིས་འཛེམ་བག་ཕྲན་བུ་བྱེད་བཞིན་དུ་ལྐོག་རྔན་དེ་བླངས།

ར་དྭངས་རྗེས་ཀྱི་ཉིན་གཉིས་པར་བཀྲ་ཤིས་ལ་བསམ་བློ་སྣ་ཚོགས་འཁོར་བ་སྟེ། དངུལ་དེ་དག་ལེན་དགོས་དོན་གང་ཡིན་ནམ། ཕྱིར་སློག་དགོས་བསམས་ཀྱང་ཉེ་དུས་རང་ཉིད་ཀྱི་འགྲོ་སོང་ཁ་ཐང་ཙམ་ཡོད་སྟབས་སྔོན་ལ་དེ་བེད་སྤྱད་དེ་རྗེས་སུ་སྤྲད་ནའང་ཆོག་ཅེས་རང་གིས་རང་ལ་སེམས་གསོ་གཏོང་བཞིན་དུ་དངུལ་དེ་བེད་སྤྱོད་བྱས།

དེ་རྗེས་ཀྱི་ཟླ་གསུམ་རིང་ཝང་པིས་ཡུན་གྱིས་བཀྲ་ཤིས་བཙལ་མེད་སྟབས་སེམས་རྣལ་ལ་བབས་ཡོད། དེ་ནས་ཡང་དངུལ་ཁ་ཐང་བའི་གནས་ཚུལ་འཕྲད་རྐྱེན་བཀྲ་ཤིས་ཀྱིས་རང་འགུལ་ངང་ཝང་པིས་ཡུན་བཙལ་ཏེ་སྒོར་ཁྲི་1གཡར་བ་དང་ཝང་པིས་ཡུན་གྱིས་ཀྱང་འཕྲལ་མར་བཀྲ་ཤིས་ལ་སྒོར་ཁྲི་1སྤྲད།

གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་པ་ལྟར། 2014ལོའི་ཟླ་3པར་གོང་རིམ་གྱི་བཀའ་འབྱོར་བ་བཞིན་བཀྲ་ཤིས་གནས་སའི་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་འཕུར་མཉེད་ཁང་སོགས་འཆལ་སྤྱོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་གྲལ་བཤེར་བྱས་མོད། འོན་ཀྱང་ངོ་ཤེས་རྙིང་པར་ལྟ་རྟོག་བྱ་ཆེད་བཀྲ་ཤིས་ཀྱིས་གྱོད་སྒྲུབ་ལས་བྱེད་ཉེན་རྟོག་པར་ཝང་པིས་ཡུན་གྱི་འཕུར་མཉེད་ཁང་ལ་བརྟག་དཔྱད་བྱ་རྒྱུའི་མཛུབ་སྟོན་མ་བྱས་པར། དེ་ལས་ལྡོག་སྟེ་འགན་ལེན་དངུལ་བླངས་རྗེས་འབྲེལ་ཡོད་བརྟག་དཔྱད་བྱ་ཡུལ་དེ་དག་མངགས་གཏོང་ཁང་ནས་གློད་པས་ཝང་པིས་ཡུན་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དུས་ཐོག་ཏུ་ཉེས་དོན་ཐོ་འགོད་དང་རྩད་གཅོད་ཐུབ་མེད་པ་རེད།

ལོ་6རིང་ལྐོག་རྔན་སྒོར་ཁྲི་14.7བླངས་པ།

ཝང་པིས་ཡུན་གྱིས་འབྲེལ་ཟམ་བྱས་པ་བརྒྱུད་བཀྲ་ཤིས་ཀྱིས་སླར་ཡང་ཁོངས་གཏོགས་ཁུལ་གྱི་མཛེས་བཟོ་དང་། སྐྲ་བཞར་ཁང་གཉིས། འཕུར་མཉེད་ཁང་གཅིག་བཅས་དང་འབྲེལ་བ་བཙུགས།

དེས་མ་ཟད་བཀྲ་ཤིས་ཀྱིས་ད་དུང་ཝང་པིས་ཡུན་དང་མི་དམངས་ཉེན་རྟོག་པ་གཞན་དག་དབར་འབྲེལ་བ་འཛུགས་རོགས་བྱས། 2017ལོར་ཝང་པིས་ཡུན་གྱིས་འཆལ་སྤྱོད་སྤེལ་ཡུལ་གྱི་རོལ་དབྱངས་ཨར་ཁང་ཞིག་གཉེར་སྐྱོང་བྱེད་རྩིས་བྱས་ཏེ་ལས་གནས་གཞན་དག་ཏུ་ལས་སྒྱུར་བྱས་པའི་བཀྲ་ཤིས་རོགས་པར་སྐད་བཏང་། “གལ་ཏེ་འབྲེལ་བ་སྣ་ཚོགས་བཙལ་ཏེ་རོལ་དབྱངས་ཨར་ཁང་ལ་ལྟ་རྟོག་བྱས་ཚེ་ཁྱེད་ལ་ཁེ་སྤོགས་གྱ་ནོམ་པ་སྤྲད་ཆོག”ཅེས་ཝང་པིས་ཡུན་གྱིས་བཤད།

ཝང་པིས་ཡུན་གྱིས་བཏོན་པའི་ཆ་རྐྱེན་ལས་བཀྲ་ཤིས་ཀྱིས་རང་སེམས་གཅུན་ཐུབ་མེད།

རང་ཉིད་ཀྱི་འབྲེལ་བ་སྣ་ཚོགས་བརྒྱུད་བཀྲ་ཤིས་ཀྱིས་རོལ་དབྱངས་ཨར་ཁང་གནས་སའི་ཁོངས་གཏོགས་ཁུལ་གྱི་མངགས་གཏོང་ཁང་གི་སུའོ་ཀྲང་ཡུང་ཆེ་གེ་མོ(གྱོད་གཞི་གཞན་དུ་ཐག་གཅོད་བྱས་པ)ལ་ལྟ་རྟོག་གང་མང་བྱ་རྒྱུའི་བརྡ་བཏང་ནས་ཨར་ཁང་དེའི་འཆལ་སྤྱོད་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ལས་གཡོལ་ཐབས་བྱེད་དགོས་པའི་རེ་བ་བཏོན།

དེའི་བར་བཀྲ་ཤིས་ཀྱིས་ལྐོག་རྔན་ལེན་པའི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱང་རིང་དུ་སོང་བ་དང་། 2019ལོར་ཐེར་འདོན་གོང་ཞུ་བྱས་པའི་བར་ལོ་དྲུག་རིང་བཀྲ་ཤིས་ཀྱིས་སྔ་རྗེས་སུ་དངུལ་གཡར་བ་དང་ཁེ་སྤོགས་ལེན་པ་སོགས་བརྒྱུད་ལྐོག་རྔན་སྒོར་ཁྲི་14.7བླངས་པ་རེད།

ལྐོག་རྔན་བླངས་རྗེས་ལྐོག་རྔན་སྤྲོད་མཁན་གྱི་གཉེར་སྐྱོང་བྱ་ཡུལ་ནི་འཆལ་སྤྱོད་སྤེལ་ཡུལ་ཞིག་ཡིན་པ་ཤེས་བཞིན་དུ་བཀྲ་ཤིས་ཀྱིས་ཁྲིམས་ལྟར་འགན་འཁྲི་མ་བསྒྲུབས་པ་དང་། བརྟག་དཔྱད་མ་བྱས་པ། གོང་ཞུ་མ་བྱས་པ་ལ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཡུན་རིང་རྒྱ་ཡན་དུ་བཏང་བ་རེད།

ལོ་4ཡི་དུས་བཀག་བཙོན་འཇུག་གི་ཆད་པ་ཕོག་པ།

2020ལོའི་ཟླ་6ཚེས་23ཉིན། སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་ཀྱིས་ལྐོག་ཟ་ལྐོག་ལེན་བྱས་པའི་གྱོད་གཞིར་ཁྲིམས་བཞིན་ཡོངས་བསྒྲགས་ཞིབ་གཅོད་བྱས་པ་རེད།

ཁྲིམས་སའི་འདྲི་གཅོད་བྱ་ཡུལ་དུ། བཀྲ་ཤིས་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད། གཞུང་གཏུག་ལས་ཁུངས་ཀྱི་སྐྱོན་འདོན་ཞུ་གཏུག་བྱས་པའི་དོན་དངོས་དང་། ཉེས་མིང་། ཁྲིམས་ཆད་ཁུར་བའི་གྲོས་འགོ་བཅས་ཚང་མར་བསམ་འཆར་མི་མཐུན་པ་གཅིག་ཀྱང་བཏོན་མེད། ལྐོག་ཟ་ལྐོག་ལེན་གྱི་དངུལ་སྐྱིན་ཚབ་འཇལ་བའི་ཆེད་དུ་གང་སར་དངུལ་གཡར་བར་འགྲོ་བའི་ཕ་མ་གཉིས་སྡུག་བསྔལ་གྱིས་མནར་བ་མཐོང་སྐབས་བཀྲ་ཤིས་འགྱོད་པ་ཆེན་པོ་སྐྱེས།

ཞིབ་དཔྱོད་ལས་ཁུངས་ཀྱི་ཞིབ་བཤེར་ཞུ་གཏུག་བྱེད་པའི་མཚམས་སུ། བཀྲ་ཤིས་ཀྱིས་རང་མོས་ངང་ནག་ཉེས་ངོས་ལེན་དང་ཆད་པ་ཁས་ལེན་གྱི་ཡི་གེའི་ཐོག་མིང་རྟགས་བཀོད་པ་རེད། སྐབས་དེ་དུས་དབང་ཆ་དང་རྒྱུ་ནོར་ཁོ་ནར་བསམ་པའི་བཀྲ་ཤིས་གཞི་ནས་རྨོངས་གཉིད་ལས་བསད། རང་ཉིད་ཁོ་ནར་སྤྱོད་པའི་རྒྱུ་ནོར་དེ་དག་གི་ཆེད་དུ། རང་ཉིད་ཀྱི་མདུན་ལམ་མེད་པ་བཟོས་ནས་ཕ་མའི་རེ་བ་ཆུད་ཟོས་སུ་བཏང་བ་མ་ཟད། ད་དུང་ཏང་དང་རྩ་འཛུགས་ཀྱིས་ལོ་མང་རིང་གསོ་སྐྱོང་གནང་བ་ཆུད་ཟོས་སུ་བཏང་བ་རེད།

ཁྲིམས་དཔོན་གྱིས། རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་གྱི་རྒྱུ་ནོར་ཐེངས་མང་བླངས་པ་དང་འབྲེལ། མི་གཞན་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་གྱོད་དོན་ཐོ་འགོད་མ་བྱས་པ་དང་། གྱོད་དོན་ཞིབ་བཤེར་མ་བྱས་པ། གྱོད་གཞི་ཡོད་ཀྱང་རྩད་མ་བཅད་པར་ཡུན་རིང་འགེབས་སྲུང་བྱས་ནས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཀྱི་རྒྱབ་རྩ་བྱས་ཏེ་ཤུགས་རྐྱེན་ངན་པ་བཟོས་པའི་ངོས་འཛིན་བྱས་པ་རེད། དེར་བརྟེན་བཀྲ་ཤིས་ཀྱིས་ལྐོག་ཟ་ལྐོག་ལེན་གྱི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་བཞི་བྱེད་རྒྱུ་དང་འབྲེལ་དངུལ་ཆད་སྒོར་ཁྲི་20གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད། ཕྱིར་སློག་བྱས་པའི་གྱོད་འབྲེལ་དངུལ་སྒོར་ཁྲི་14.7གཞུང་བཞེས་བཏང་ནས་རྒྱལ་མཛོད་དུ་འཇུག་རྒྱུ་རེད།

དཔྱད་ཁྲ་ཁྱབ་བསྒྲགས་བྱས་རྗེས། བཀྲ་ཤིས་ཀྱིས་རྩ་འཛུགས་ཀྱིས་ངའི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ཡིན་ལུགས་ཚུལ་ལྡན་གྱི་མི་ཞིག་བྱས་ནས་ཕ་མ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཁྲིམས་དཔོན་གྱིས་བཤད་དོན།

སྙན་རོང་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་བསོད་ནམས་ཆོས་སྐྱིད་ཀྱིས།

བཀྲ་ཤིས་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་གྱི་རྒྱུ་ནོར་ཐེངས་མང་བླངས་པ་དང་། མི་གཞན་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་འགེབས་སྲུང་བྱས་པ། མི་གཞན་ལ་ཁྲིམས་འགལ་ངང་ཁེ་ཕན་སྒྲུབ་རོགས་བྱས་པ། མི་གཞན་གྱི་སྒོར་ཁྲི་14.7ལྷག་ཙམ་ཁྲིམས་འགལ་ངང་བླངས་ཡོད།

གྱོད་གཞི་དེའི་ནང་ཞུ་སྦྱོར་ཕྱི་མ་བཀྲ་ཤིས་ལ་ལྐོག་ཟ་ལྐོག་ལེན་དང་ཉེར་ཕྱོགས་ཁྲིམསས་འགལ་གྱི་བྱེད་སྤྱོད་ལྡན་པས། ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་དགུ་བཅུ་གོ་དགུ་པའི་ནང་གསེས་དང་པོ་དང་བཞི་པའི་གཏན་འབེབས་གཞིར་བཟུང་དང་ཉེས་ཆད་ལྕི་ཙམ་གཏོང་རྒྱུའི་གཏན་འབེབས་གཞིར་བཟུང་བྱས་ཉེས་གཏན་འཁེལ་གྱི་ཉེས་ཆད་གཅོད་རྒྱུ་དང་དེའི་བྱེད་སྤྱོད་ལྐོག་ཟ་ལྐོག་ལེན་གྱི་བྱས་ཉེས་སུ་བརྩི་རྒྱུ་རེད།

ཞུ་སྦྱོར་ཕྱི་མ་བཀྲ་ཤིས་ཀྱིས་མི་གཞན་གྱི་ས་ནས་ལྐོག་ངན་ཐེངས་མང་བླངས་པས་ཉེས་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་བརྒྱད་ཅུ་གྱ་གསུམ་གྱི་ནང་གསེས་དང་པོའི་ནང་གཏན་འབེབས་བྱས་པའི“གནས་ཚུལ་ཚབས་ཆེན་གཞན་དག”ལ་ངོས་འཛིན་བྱས་ནས། ཁྲིམས་བཞིན་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་འབྲེལ། དངུལ་ཆད་གཅོད་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ་རེད།

ཞུ་སྦྱོར་ཕྱི་མ་བཀྲ་ཤིས་ཀྱིས་ནག་ཉེས་ངོས་ལེན་ཞུས་པས། ཁྲིམས་བཞིན་ནག་ཉེས་གུ་ཡངས་གཏོང་རྒྱུ་དང་། ཞུ་སྦྱོར་ཕྱི་མ་བཀྲ་ཤིས་ཀྱིས་རང་ཉིད་ཀྱི་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་གྱོད་འབྲེལ་དངུལ་ཕྱིར་སློག་བྱས་པ་མ་ཟད། ད་དུང་ཁྲིམས་སར་ནག་ཉེས་ངོས་ལེན་ཞུ་བའི་རྣམ་འགྱུར་ཡག་པས་ཁྲིམས་ཆད་གུ་ཡངས་སུ་གཏོང་རྒྱུ་རེད།