《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月26日

རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ཉེན་བརྡ་གཏོང་བའི་ཐད་སྦྲེལ་ཁ་པར་96110དངོས་སུ་སྤྱོད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ནས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་ཀྱི་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ཐད་སྦྲེལ་ཁ་པར་ཨང་གྲངས་96110དངོས་སུ་སྤྱོད་འགོ་ཚུགས་པ་རེད།

རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་འགན་ཁུར་བ་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ཁ་བསླུས་འགོག་རྒོལ་གྱི་ཉེན་བརྡ་གཏོང་བ་དང་ཁ་བསླུས་འགོག་པའི་བློ་འདྲིའི་ཐད་འབྲེལ་ཁ་པར་ཨང་གྲངས”གཅིག་གྱུར་དང་རྒྱ་ཆེའི་གྲོང་མིས་ཉེན་རྟོག་ཕྱོགས་ཀྱི་ཉེན་བརྡ་གཏོང་བའི་ཁ་པར་དབྱེ་འབྱེད་ཐུབ་ཆེད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་དབར་གྱི་མཉམ་འབྲེལ་གཞུང་དོན་ཁང་གི《རྒྱལ་ཡོངས་ཀྱི་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་གཅིག་གྱུར་ཉེན་བརྡ་གཏོང་བའི་ཆེད་སྤྱོད་ཁ་པར་ཨང་གྲངས་96110སྤྱོད་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་དངོས་སུ་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ཉེན་བརྡ་གཏོང་བའི་ཐད་སྦྲེལ་ཁ་པར་ཨང་གྲངས་96110ཁྱབ་བསྒྲགས་བྱས་པ་དང་། ཐད་སྦྲེལ་ཁ་པར་96110བརྒྱུད་ཁ་བསླུས་འགོག་རྒོལ་གྱི་བློ་འདྲི་དང་། ཞུ་གཏུག ཉེན་བརྡ་གཏོང་བ་དང་ཁ་ཏ་བསླབ་བྱ། ཁ་བསླུས་འགོག་པའི་ཤེས་བྱ་དྲིལ་བསྒྲགས་བྱེད་པ་སོགས་བྱེད་ཐུབ་ཀྱི་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་རྒྱ་ཆེའི་གྲོང་མིར། 96110ནི་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱི་ཉེན་བརྡ་གཏོང་བ་དང་། བློ་འདྲིའི་ཁ་པར་ཡིན་པ་ལས། གྱོད་གཞི་སྙན་སེང་ཞུ་བའི་ཁ་པར་ཨང་གྲངས་མིན་པ་དང་། དོགས་ཡོད་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གནས་ཚུལ་འཕྲད་ཚེ་96110ལ་ཁ་པར་བརྒྱབ་ནས་འདྲི་དགོས་པ་དང་། གལ་ཏེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དངོས་སུ་འཕྲད་ཚེ་ངེས་པར་དུ་དུས་ཐོག་ཏུ་110ལ་ཁ་པར་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།