《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

རིམས་ནད་ཀྱི་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་པའི།

འཚོ་བྱེད་སྨན་པའི་ཉིན་ཐོ་།

ཟླ་2པའི་ཚེས་13ཉིན།

མཚན་མོ། ངས་སྐད་འཕྲིན་གྱི་སྤྱི་སྟེགས་ནས《མཆི་མས་བརླན་པའི་མིག་ཟུང་། གཉེན་ཉེ་དང་གཏན་དུ་བྲལ་བའི་གཅེན་གཅུང་གཉིས་ཀྱིས་གདུང་བ་བཟོད་སྒོམ་བྱས་ནས་རིམས་ནད་ཀྱི་འཐབ་ས་མདུན་མར་དམག་འཐབ་བྱེད》ཅེས་པའི་རྩོམ་ཡིག་ཅིག་མཐོང་བྱུང་། རྩོམ་ཡིག་ནང་འཁོད་པའི་གཅེན་གཅུང་ཝང་ཞའོ་ཅིང་དང་ཝང་ཧུང་ལིང་གཉིས་སྨན་བཅོས་རོགས་སྐྱོབ་ཀྱི་འཐབ་ས་མདུན་མར་ལས་ཀ་བྱེད་བཞིན་ཡོད། གཅུང་མོ་ཝང་ཧུང་ལིང་སྨན་ཁང་ག་གེ་མོའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་ལས་ཀ་བྱེད་པ་དང་། གཅེན་མོ་ཝང་ཞའོ་ཅིང་ཧོ་ཧྲེན་ཧྲན་སྨན་ཁང་དུ་ལས་ཀ་བྱེད་བཞིན་ཡོད།

ཞོགས་པ་ལས་ཀར་འགྲོ་བའི་རླངས་འཁོར་ནང་། སྨན་གཡོག་དཔོན་ཝང་ཞའོ་ཅིང་གིས་ང་ཚོ་དང་མཉམ་དུ་ལས་ཀའི་ཁྲོད་ལེགས་བཅོས་བྱེད་དགོས་པའི་ཞིབ་ཆར་གྲོས་བསྡུར་བྱེད་བཞིན་ཡོད། གློ་བུར་དུ་ཁ་པར་ཞིག་འབྱོར་ནས་ཁོང་སྐད་ཆེན་པོས་ངུ་བཞིན་དུ“ང་ལོག་ཐབས་མི་འདུག ང་ལོག་ཐུབ་པ་མི་འདུག”ཅེས་བརྗོད་སོང་བས། ད་གཟོད་ང་ཚོས་ཁོང་གི་ཡབ་གྲོངས་པ་ཤེས། སྐད་ཅིག་མ་དེར། རླངས་འཁོར་ནང་འཇམ་ཐིང་ངེར་གྱུར།

སྐད་འཕྲིན་ནང་དུ་ཝང་ཞའོ་ཅིང་གིས་མཁའ་དམག་སྐྱེལ་འདྲེན་གནམ་གྲུའི་ནང་དམག་མིའི་ཉམས་འགྱུར་བསྟན་ནས་ཀྲོང་ངེར་ལངས་ཏེ་གུས་འདུད་ཞུ་བའི་པར་ཞིག་ཡོད། པར་དེ་ནི་ངས་བླངས་པ་ཞིག་རེད། ཟླ་2པའི་ཚེས་2ཉིན་གྱི་ཐོ་རེངས་ཆུ་ཚོད་4པར། ང་ཚོ་ལན་གྲུ་ནས་ཐོན་ཏེ་མཁའ་དམག་སྐྱེལ་འདྲེན་གནམ་གྲུར་བསྡད་ནས་ཝུའུ་ཧན་དུ་བསྐྱོད་པ་ཡིན། སྐབས་དེ་དུས་ང་ཚོ་གནམ་གྲུའི་འཁོར་ཚང་གི་མདུན་ངོས་སུ་བསྡད་པ་དང་། དེ་སྔོན་སྐྱེལ་འདྲེན་གནམ་གྲུར་སྡོད་མྱོང་རྩ་བ་ནས་མེད་སྟབས་ཕན་ཚུན་པར་བླངས་ནས་དྲན་རྟེན་དུ་ཉར་བ་རེད། ངས་རྒྱུས་མངའ་ལོན་པའི་སྨན་གཡོག་དཔོན་ཝང་ཞའོ་ཅིང་ནི་བློ་རྩ་བརྟན་ཞིང་སྙིང་རུས་ཆེ་ལ། ནན་ཏན་ངང་འགན་འཁྲི་ཕྲག་ཏུ་འཁུར་མཁན་ཞིག་ཡིན་པ་ལས་དཀའ་ངལ་ལ་གཡོལ་ཞིང་སྡུག་ཡུས་བགྲང་མཁན་ཞིག་གཏན་ནས་མ་རེད།

ད་རེས། གནས་ཚུལ་འདི་འདྲ་ཞིག་ལ་གདོང་གཏོད་སྐབས། ཁོ་མོ་སྔར་རྒྱུན་ལྟར་རེད་འདུག

ཉིན་གཉིས་གོང་སྟེ་ཟླ་2པའི་ཚེས་11ཉིན། ང་ཚོ་མཉམ་དུ་ཡོང་པའི་འཐབ་རོགས་ཝུའུ་ཡ་ལིང་གི་ཨ་མ་གྲོངས་པ་རེད། ཧོ་ཧྲེན་ཧྲན་སྨན་ཁང་དུ་རིམས་ནད་ཀྱི་འཐབ་ས་མདུན་མར་ཡོད་པའི་ཝུའུ་ཡ་ལིང་མིག་ཆུ་ཆར་པ་འབབ་པ་བཞིན་དུ་ཤོར་ཞིང་། ཁོང་གིས་ཁྱིམ་གནས་སའི་ཁ་ཕྱོགས་སུ་གཟབ་ནན་ཆེན་པོས་གུས་འདུད་གསུམ་ཞུས་ནས་སེམས་པ་ཏོག་ཙམ་ལྷོད་ལ་བབས་རྗེས། ཁོང་ཡང་བསྐྱར་ལས་གནས་སུ་ལོག བརྙན་ཐུང་དེ་དྲ་བའི་ནང་བཏང་རྗེས། མི་མང་པོར་སེམས་འགུལ་ཚད་མེད་ཐེབས་ཡོད།

ཉིན་གཉིས་ཀྱི་ནང་ཚུན་དུ། འཐབ་གྲོགས་གཉིས་ཀྱི་གཉེན་ཉེ་གྲོངས་ཀྱང་། ཁོང་གཉིས་སྔར་བཞིན་རིམས་ནད་ཀྱི་འཐབ་ས་མདུན་མར་གདོང་མཆོང་གིས་དམག་འཐབ་བྱེད་བཞིན་ཡོད། མཚམས་འདིར་སྐད་ཆ་འདི་འདྲ་ཞིག་དྲན་བྱུང་སྟེ། ཞོད་འཇགས་ཀྱི་ནམ་ཟླ་ཞིག་གང་ནས་ཡོད་སྲིད། དེ་ནི་གཞན་གྱིས་ཁྱེད་ཀྱི་ཚབ་ཏུ་ཁུར་ཆེན་ཕྲག་ཏུ་འཁུར་ནས་མདུན་དུ་སྐྱོད་པ་ཁོ་ནའོ། (ལྕང་བུ་ཆུང་གིས་བསྒྱུར)