《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

བོད་ཀྱི་མི་དམངས་ཉེན་རྟོག་པས་སི་ཁྲོན་དུ“རིམས་འགོག”ལས་ལ་གཞོལ་བ།

ཟླ་1ཚེས་24ཉིན་གྱི་ལུགས་རྙིང་ལོའི་གནམ་གང་ལ་སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར་ཏཱ་ཨན་ཆུས་ཉིའུ་ཧྥུའོ་གྲོང་རྡལ་ཝང་ཡེ་མེའོ་སྡེ་ཁུལ་དུ་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་དང་བླངས་པའི་ཞབས་ཞུའི་གྲོས་འགོ་ཞིག་ཡོངས་བསྒྲགས་བྱས་པས་ལིན་ཀྲོའུ་ཡོན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད།

ལིན་ཀྲོའུ་ཡོན་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་རེད། དཔྱིད་གསར་དུས་ཆེན་གོང་སི་ཁྲོན་དུ་འཁོར་ཞག་བྱེད་པར་སྐྱོད་ཡོད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྡུང་བརྡ་གྲགས་རྗེས་ལིན་ཀྲོའུ་ཡོན་ཐོག་མའི་འཆར་གཞི་ལྟར་ཚན་པར་ལོག་ཐུབ་མེད་པས་ཁོང་གིས་ས་གནས་དེ་གའི་དང་བླངས་པའི་ཞབས་ཞུའི་རུ་ཁག་གིས་ཞབས་ཞུའི་ལས་དོན་སྤེལ་བའི་ནང་མིང་ཐོ་བཀོད་ནས་ཞུགས་ཡོད།

འགག་སྒོའི་ས་ཚིགས་བརྟན་སྲུང་བྱས་ནས་འགྲོ་འོང་བྱེད་མཁན་གྲལ་བཤེར་དང་། ཐོ་འགོད། ཚ་བ་ལྟ་བ། ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་པ་བཅས་དང་། ཁྲོམ་གཞུང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དྲིལ་བསྒྲགས་དང་། དྲིལ་བསྒྲགས་དཔྱད་གཞི་སྦྱར་བ་དང་སྤྲོད་པ། དུད་ཚང་དུ་སྐྱོད་ནས་ཕ་ཡུལ་དུ་ཕྱིར་ལོག་བྱེད་མཁན་གྱི་ཆ་འཕྲིན་གྲལ་བཤེར་ཐོ་འགོད་བྱེད་པ་སོགས་དུད་ཚང་ངམ་ས་ཚིགས་གང་ཞིག་ཏུ་སྐྱོད་རུང་ལིན་ཀྲོའུ་ཡོན་གྱིས“གང་དུ་དགོས་མཁོ་ཡོད་ན་དེ་གར་སྐྱོད་ཐུབ་པ”བྱས་ཡོད།

ལིན་ཀྲོའུ་ཡོན་དང་འདྲ་བའི་དང་བླངས་པ་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འབད་འཐབ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་བདེ་ཐང་དང་བདེ་འཇགས་ལ་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།