《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ཟླ་2པའི་ཟླ་སྨད་དུ་རང་ལྗོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཉེས་དོན་གྱོད་གཞི་ཁྱོན་18བདག་སྤྲོད་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་16ནས་ཚེས་29ཉིན་བར་ལྗོངས་ཡོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཁྱོན་18བདག་སྤྲོད་བྱས་པ་ལས། ལྷ་སས་གྱོད་གཞི་8དང་། གཞིས་རྩེས་གྱོད་གཞི་2 ལྷོ་ཁས་གྱོད་གཞི་2 ཉིང་ཁྲིས་གྱོད་གཞི་1 ཆབ་མདོས་གྱོད་གཞི་5བཅས་བདག་སྤྲོད་བྱས་པ་རེད།

ཟླ་2ཚེས་25ཉིན། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་ཝང་ཆེ་གེ་མོ(འགྱུར་མིང)ཡིས་གྱོད་དོན་ཞིག་སྙན་སེང་ཞུས་ཤིང་། ཟླ་2ཚེས་25ཉིན་གྱི་ཆུ་ཚོད་14ཡོལ་ཙམ་ལ་ང་རང་ལ་ཆ་རྒྱུས་མེད་པའི་མི་ཞིག་གི་ཁ་པར་འབྱོར་བྱུང་། མི་དེས་ཁ་པར་ནང་ངས་རང་ལ་དྲ་ཐོག་ནས་དངུལ་བུན་གཡར་རོགས་བྱས་ཆོག རང་གི་QQཨང་གྲངས་ང་ལ་སྤྲོད་དང་ཞེས་ཟེར་གྱི་འདུག QQཨང་གྲངས་བསྣན་རྗེས་མི་དེས་རྩ་གཉིས་ཨང་རྟགས་ཤིག་བསྐུར་ནས་དེའི་ནང་ངའི་འབྲེལ་ཡོད་ཆ་འཕྲིན་དང་། དངུལ་ཁང་གཱ་ཡི་ཨང་གྲངས། འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་རྒྱོང་དགོས་ལུཌ་བཤད་བྱུང་། དེ་རྗེས་ཕ་རོལ་པོས་དྲ་ཐོག་ནས་དངུལ་བུན་གཡར་བའི་བརྒྱུད་རིམ་ནང་དངུལ་ཁང་གཱ་ཡི་ཨང་གྲངས་བླུཌ་རྒྱུ་ནོར་བ་དང་། དེ་བཞིན་ཁྲིམས་འགལ་གྱི་དོགས་གཞི་ཡོད་པས་ང་རང་ཁྲིམས་ལ་གཏུག་རྒྱུ་དང་། མ་ལག་གསར་བརྗེ་བྱེད་པ། དངུལ་ཁང་གཱ་ཡི་རྩིས་ཁྲ་ཏག་ཏག་བསྡད་མེད་པ། ཁག་ཐེག་དངུལ་སྤྲོད་དགོས་པ་བཅས་ལ་ཁ་གཡར་ཏེ་ངའི་ས་ནས་སྔ་རྗེས་སུ་སྒོར་208100ཁ་བསླུས་བརྒྱབ་སོང་ཞེས་བཤད། མིག་སྔར་གྱོད་གཞི་དེར་མྱུལ་ཞིབ་བརྟག་དཔྱད་བྱེད་སྒང་རེད།

ཟླ་2ཚེས་24ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་བཀྲ་ཆེ་གེ་མོས་གྱོད་དོན་ཞིག་སྙན་སེང་ཞུས་ཤིང་། ངས་ཁྱུག་དབྱིངས་ནས“500རྒྱན་ཤོག”ཅེས་པའི་མཉེན་ཆས་ཤིག་ཡོད་པ་ཤེས་ནས་ཕབ་ལེན་བྱས་པ་ཡིན། དེ་རྗེས“500རྒྱན་ཤོག”གི་ཞབས་ཞུ་བས་ང་རང་ལ་ཡང་བསྐྱར“དབྱི་འཕྲིན”ཞེས་པའི་མཉེན་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་པ་མ་ཟད། དེའི་ནང་ཡོད་པའི་མཛུབ་སྟོན་དགེ་རྒན་གྱིས་ངར“500རྒྱན་ཤོག”གི་ནང་ནས་ཁེ་བཟང་རག་ཐབས་སློབ་ཀྱི་རེད་ཅེས་བཤད་བྱུང་། དེ་རྗེས་ངས་དྲ་མིང་ལ“ཐོག་མའི་བསམ་འདུན་གྱི་མཛུབ་སྟོན་དགེ་རྒན”ཞེས་པ་ཞིག་གི་ཁྲིད་སྟོན་འོག“500རྒྱན་ཤོག”གི་ནང་དངུལ་བླུགས་ནས་ཁེ་བཟང་རག་རེ་བྱས་པ་ཡིན། ཟླ་2ཚེས་13ནས་20ཉིན་བར་ངས“500རྒྱན་ཤོག”གི་ནང་སྒོར་500ནས་10000བར་མང་ཉུང་མི་འདྲ་བ་བླུགས་པས། ཁེ་བཟང་རག་བྱུང་ལ་ཚང་མ་དངུལ་སྨར་ཤ་སྟག་ལེན་རྒྱུ་བྱུང་། ཟླ་2ཚེས་22ཉིན་དྲ་མིང་ལ“ཐོག་མའི་བསམ་འདུན་གྱི་མཛུབ་སྟོན་དགེ་རྒན”ཞེས་པ་དེས་ང་རང་ལ་གལ་ཏེ་སྒོར་ཁྲི་10བླུག་ན་སྒོར་13000ཡི་རྒྱན་དངུལ་སྤྲོད་རྒྱུ་ཡིན་ལུགས་བཤད་པ་མ་ཟད། ད་དུང་ངར་རྒྱན་ཤོག་ཉོ་སྟངས་བསླབས་ནས་ཁེ་བཟང་ལས་གྱོང་མ་རག་པ་བྱ་རྒྱུ་ཡིན་ལུགས་ཀྱང་བཤད་བྱུང་། དེ་རྗེས་ངས“500རྒྱན་ཤོག”གི་ནང་དངུལ་སྒོར་ཁྲི་10བླུགས་པ་ཡིན། འོན་ཀྱང་ཚང་མ་ཤོར་སོང་། དངུལ་ཤོར་རྗེས“མཛུབ་སྟོན་དགེ་རྒན”དེས་ང་རང་ལ་སྒོར་ཁྲི་20ནས་30བར་གྲ་སྒྲིག་བྱས་ན་ཤོར་དངུལ་ཚང་མ་ལེན་རོགས་བྱ་རྒྱུ་ཡིན་ལུགས་བཤད་བྱུང་། ཟླ་2ཚེས་23ཉིན་ངས་དྲ་ཐོག་གི་བུན་གཡར་ལས་སྟེགས་ནས་དངུལ་སྒོར་ཁྲི་10གཡར་བ་མ་ཟད། “500རྒྱན་ཤོག”གི་ནང་བླུགས་པ་ཡིན། འོན་ཀྱང་སླར་ཡང་ཚང་མ་ཤོར་སོང་ཞེས་བཤད། མིག་སྔར་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བརྟག་དཔྱད་བྱེད་སྒང་རེད།

རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན།

ཉེ་དུས་རང་ལྗོངས་སུ་ཐོན་མང་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་རིགས་ལ་དྲ་ཐོག་ནས་བུན་གཏོང་དང་། ཡིད་རྟོན་གཱ་ཚབ་སྒྲུབ་རིགས་ཀྱི་ཁ་བསླུས། དྲ་ཐོག་ནས་གྲོགས་པོ་སྒྲིག་སྟེ་རྒྱན་པོ་འགྱེད་རྒྱུའི་ངན་སྐུལ་བྱེད་པའི་རིགས། འབྱོར་སྐྱོང་རིགས་ཀྱི་ཁ་བསླུས། ངོ་ཤེས་པ་དང་འགོ་ཁྲིད་སོགས་ཡིན་ཁུལ་བྱས་ནས་ཁ་པར་ཐོག་ནས་ཁ་བསླུས་རྒྱག་པའི་རིགས། དྲ་ཐོག་གི་ལས་ཞོར་བྲིན་རྫུའི་ཁ་བསླུས་སོགས་ཡོད། རྒྱ་ཆེའི་གྲོང་མི་ཚོས་འགོག་ཟོན་ལ་ཤུགས་སྣོན་བརྒྱབ་ནས་མགོ་སྐོར་དང་ཁ་བསླུས་མ་ཐེབས་པ་བྱེད་དགོས།