《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ས་ཡོམ་གྱི་གནོད་འཚེར་ཁ་གཏད་བཅག་ནས་གེགས་རྗེས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གོང་མོ་ཤང་དུ་ས་ཡོམ་བརྒྱབ་རྗེས། སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་དམངས(ལས་རོགས)ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་གེགས་སེལ་འཕྲལ་སྡོམ་ཚོགས་ཆུང་བཙུགས་ཏེ་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ་ལས་དོན་སྤེལ་ནས་གེགས་རྗེས་ཀྱི་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་འགན་ལེན་བྱས་པ་རེད།

མིག་སྔའི་བར། གེགས་སེལ་འཕྲལ་སྡོམ་ཚོགས་ཆུང་གིས་གེགས་ཁུལ་གྱི་འཐབ་ས་དང་པོར་ཉིན་མཚན་རེས་མོས་ཀྱི་སྡོད་བྱ་དང་ཉིན་མཚན་དབྱེར་མེད་ཀྱི་སྐོར་གཡེང་ལས་སྒྲུབ་ཀྱི་བྱེད་ཐབས་སྤྱད་ནས་གེགས་རྗེས་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་པ་རེད། གེགས་ཁུལ་ལས་དོན་མི་སྣའི་བཀོད་འདོམས་འོག་ནུས་ཤུགས་ཡོད་རྒུས་གེགས་རྗེས་བཀོད་སྒྲིག་ལས་དོན་བསྒྲུབས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི”རྩ་དོན་ལག་བསྟར་བྱས་པ་དང་། བཀོད་སྒྲིག་ས་ཚིགས་སུ་བསྐྱོད་ནས་ས་ཡོམ་དང་དེ་བཞིན་གེགས་རྗེས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་གཏོང་བ་དང་གེགས་སེལ་དངོས་ཟོག་སྤྲད་པ་རེད། ཉེ་འཁོར་མང་ཚོགས་དང་། ཕྱི་ནས་ཡོང་བའི་ལས་མི། ཚོང་པ་བཅས་སྒྲིག་འཛུགས་བྱས་ཏེ། ཁ་འགྲེམས་ནང་སྦྱོང་བྱས་ནས་མང་ཚོགས་ཀྱི་རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད། ཁྱོན་ཉེན་རྟོག་པ་མི་ཐེངས་63ལྷག་ཙམ་དང་ཉེན་རྟོག་རླངས་འཁོར་ཐེངས་43ལྷག་ཙམ་བཏང་བ་དང་གུར་95བརྒྱབ་པ་མ་ཟད། དུད་ཚང་ཁག་ཏུ་དྲིལ་བསྒྲགས་ཐེངས་10བྱས་ཁར་ཁ་འགྲེམས་ནང་སྦྱོང་ཐེངས་5བྱས་པ་རེད།