《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ལྷ་ས་འགག་སྒོས་ཐབས་མང་མཉམ་སྤྱོད་ཀྱིས་བྱེ་ཐང་གི་ཆ་ག་པའི་གནོད་འཚེར་འགོག་ཟོན་ནན་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཨ་ཧྥེ་རི་ཁ་ཤར་མ་དང་ཨེ་ཤེ་ཡ་ནུབ་མ། ཨེ་ཤེ་ཡ་ལྷོ་མ་བཅས་ཀྱི་རྒྱལ་ཁབ་ཁག་ཏུ། བྱེ་ཐང་གི་ཆ་ག་པ་གཞི་ཁྱོན་ཆེན་པོས་ཐོན་པ་དང་། ཕ་ཁི་སི་ཐན་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཏུ་ཆ་ག་པ་མང་པོ་ཐོན་པས་ཛ་དྲག་གི་དུས་སུ་སླེབས་ཡོད་པའི་ཁྱབ་བསྒྲགས་བྱས་པ་དང་། རང་རྒྱལ་ལ་བྱེ་ཐང་གི་ཆ་ག་པའི་གནོད་འཚེ་ཕོག་པའི་ཉེན་ཁ་ཧ་ཅང་ཆེ་རུ་ཕྱིན་པས། ཆ་ག་པ་ཕོན་ཆེན་ཐོན་ན་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་སྣོད་བཅུད་ཁོར་ཡུག་ལ་ཐད་ཀར་གནོད་འཚེ་ཕོག་རྒྱུ་མ་ཟད། མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་སྒྲིག་སྲོལ་ལའང་ཤུགས་རྐྱེན་ཐེབས་རྒྱུ་དང་། ཐ་ན་སྤྱི་ཚོགས་ལ་ཉེན་ཁ་བཟོ་བའི་སྤྱི་པའི་དོན་རྐྱེན་དུའང་འགྱུར་ཉེན་ཡོད།

ལྷ་ས་འགག་སྒོས་བྱེ་ཐང་གི་ཆ་ག་པའི་གནོད་འཚེར་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་པར་བྱེད་ཐབས་ཁག་བཞི་བཏོན་ནས་འགོག་ཟོན་ནན་པོ་བྱས་ཡོད་དེ། གཅིག་ནས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། ནགས་ལས་དང་རྩྭ་ཐང་ཅུས་དང་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགག་སྒོ་བཙུགས་མེད་པའི་ས་ཁུལ་གྱི་རིམས་ནད་ཀྱི་ཆ་འཕྲིན་བསྡུ་ལེན་དང་ཞིབ་འཇུག་ཐག་གཅོད་ལས་དོན་ཡག་པོ་བསྒྲུབས་པ་རེད། གཉིས་ནས་ཁོངས་གཏོགས་ཀྱི་འགག་སྒོ་ཁག་གིས་རྒྱལ་ཁོངས་སུ་འཛུལ་བའི་དངོས་ཟོག་དང་སྐྱེལ་འདྲེན་ཡོ་བྱད་ཀྱི་རིམས་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་བྱེ་ཐང་གི་ཆ་ག་པ་དངོས་ཟོག་དང་འགྲིམ་འགྲུལ་ཡོ་བྱད་བརྒྱུད་ནང་དུ་ཁྱབ་རྒྱུར་བཀག་འགོག་བྱས་པ། གསུམ་ནས་རྒྱལ་སྤྱིའི་རྩི་ཤིང་རིམས་བཤེར་བྱེད་ཐབས་ཀྱི་ཚད་གཞི་ཨང་6(JDSPM6)པར་གཞིགས་ཏེ་རྒྱལ་ཁོངས་ཀྱི་འཛུལ་སྒོའི་ཉེ་འགྲམ་གྱི་སྤྱི་ལེ་2ཀྱི་ས་ཁོངས་སུ་བྱེ་ཐང་གི་ཆ་ག་པ་ཞིབ་དཔྱད་ཚད་ལེན་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་སྤེལ་ནས། དུས་ཐོག་ཏུ་ཞིབ་དཔྱད་ཚད་ལེན་བྱས་པའི་གྲངས་གཞི་ཕྱོགས་བསྡུས་དང་དབྱེ་ཞིབ་ཞིབ་འཇུག་བྱས་ཏེ། དུས་ཐོག་ཏུ་ཚན་རིག་དང་མཐུན་པ་དང་ནུས་ལྡན་ངང་བྱེ་ཐང་གི་ཆ་ག་པའི་གནོད་འཚེར་ཁ་གཏད་གཅོག་ཆེད་དུས་ཚོད་བརྩོན་ལེན་བྱས་ཡོད། བཞི་ནས་རིམས་ནད་ཀྱི་ཆ་འཕྲིན་བསྡུ་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ལམ་མང་པོ་དང་ཕྱོགས་མང་པོ་ནས་ནེ་པ་ལ་དང་རྒྱ་གར་གྱི་བྱེ་ཐང་གི་ཆ་ག་པའི་གནོད་འཚེའི་འབྲེལ་ཡོད་ཆ་འཕྲིན་བསྡུ་ལེན་དང་། རྒྱལ་ཁོངས་ཕྱིའི་ཆ་ག་པའི་གནོད་འཚེ་ཁྱབ་པའི་མྱུར་ཚད་དང་ལམ་ཐིག་ལ་དབྱེ་ཞིབ་ཞིབ་འཇུག་བྱས་ཏེ། རང་རྒྱལ་དུ་ཁྱབ་པའི་དུས་ཚོད་ལ་དཔྱད་དཔོག་རགས་ཙམ་བྱས་ནས་སྔ་སྣུར་དུ་འབྲེལ་ཡོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་རེད།