《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

ལེ་དབར་3000གིས་ཆོད་པའི་འགྱུར་མེད་ཀྱི་བརྩེ་དུང་།

—— ནག་ཆུའི་མེ་གསོད་རུ་མི་ཞིག་དང་ནང་སོག་གི་བུ་མོ་ཞིག་བརྩེ་དུང་གི་མདུད་པ་ཐེབས་པའི་སྐོར་བཀོད་པ།

ས་བབ་སྨི་4560ཡི་ས་མཐོར་མཉམ་དུ་ལོ་གསར་གཏོང་རྒྱུའི་ཁ་ཆད་བྱས།

ལོ་གཅིག་གི་གོང་། ཅི་མུ་སི་དང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ལས་ཀ་བྱེད་བཞིན་པའི་ནང་སོག་ཀུའུ་ལའོ་ཤང་གི་ཀྲང་ཕེང་གཉིས་ཕན་ཚུན་ངོ་ཤེས་ནས་དགའ་གྲོགས་བསྒྲིགས་པ་རེད། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ཀྲང་ཕེང་ལས་ཀས་རྐྱེན་པས་ཁྱིམ་དུ་ལོག་མ་ཐུབ་པར་བརྟེན། ཁོང་གི་དགའ་གྲོགས་ཅི་མུ་སི་ཀྲང་ཕེང་གི་ལས་ཁུངས་སུ་བསྐྱོད་ནས་ས་བབ་སྨི་4560ཡི་ས་མཐོར་མཉམ་དུ་ལོ་གསར་གཏོང་རྒྱུའི་ཁ་ཆད་བྱས་པ་རེད། ཧུའུ་ཧེ་ཧའོ་ཐེ་ནས་ཁྲེང་ཏུའུ་བར་དང་། ཁྲེང་ཏུའུ་ནས་ལྷ་ས་བར་ཅི་མུ་སིས་ལ་བརྒྱབ་ཀླུང་བརྒལ་གྱིས་ལྷག་བསམ་རྣམ་པར་དག་པའི་བསམ་པ་བཅངས་ནས་ཀྲང་ཕེང་ཐུག་འཕྲད་བྱེད་པར་ཡོང་།

“ཀྲང་ཕེང་གིས་དྭངས་ཤིང་གཙང་བའི་གངས་ལྗོངས་ས་མཐོ་དང་མཛའ་ཞིང་བརྩེ་བའི་འཐབ་གྲོགས་ཚོ་ང་གཉིས་ཀྱི་ལྷད་མེད་བརྩེ་དུང་ལ་དཔང་པོ་བྱེད་དུ་འཇུག་མཁན་ཡིན་ཞེས་བཤད་བྱུང་། ཁོང་གི་ཕ་ཡུལ་གཉིས་པར་ང་གཉིས་ཀྱིས་གཉེན་སྒྲིག་ལག་ཁྱེར་བླངས་པ་ཡིན། དོན་དངོས་ཐོག་དེ་ནི་ངའི་བསམ་འདུན་ཞིག་ཡིན”ཞེས་ཅི་མུ་སིས་བཤད།

བརྩེ་དུང་ནི་ཧ་ཅང་རིང་བའི་ལམ་ཐག་ཅིག་རེད། ནམ་ལངས་མ་ཐག་ཅི་མུ་སིས་ལྷ་ས་ནས་ནག་ཆུར་སྐྱོད་པའི་མེ་འཁོར་ལ་བསྡད་དེ། གྲོང་ཁྱེར་ནས་གྲོང་འདབས་དང་། ཞིང་ཁུལ་ནས་འབྲོག་ཁུལ་བར་ས་བབ་མཐོ་རུ་ཕྱིན་པའམ་ཡང་ན་རང་ཉིད་ཀྱི་སྙིང་ནས་བརྩེ་བའི་དགའ་གྲོགས་དང་ཐག་ཇེ་ཉེར་ཕྱིན་པ་གང་ཞིག་ཡིན་མིན་མི་ཤེས་ཀྱང་། གང་ལྟར་ཅི་མུ་སིའི་སྙིང་ཁ་དྲག་ཏུ་གཡུགས་ནས་སྔོན་ཆད་ཀྲང་ཕེང་དང་ངོ་ཤེས་མ་ཐག་པའི་ཚོར་སྣང་དེ་བྱུང་། མ་གཞི་བྱས་ན་ཕ་ཡུལ་ནང་སོག་དང་ཐག་ཇེ་རིང་དུ་སོང་ཡང་ཅི་མུ་སིར་ཁྱིམ་དང་ཐག་ཉེར་ཕྱིན་པའི་སྣང་བ་ཞིག་ངང་གིས་བྱུང་། གང་ཡིན་ཞེ་ན། གངས་ལྗོངས་ས་མཐོའི་ནག་ཆུར་སྙིང་ནས་བརྩེ་བའི་དགའ་གྲོགས་ཀྱིས་རང་ཉིད་བསྒུཌ་ནས་བསྡད་ཡོད་པས་རེད།

གནམ་གང་ལ་ཡང་སྔར་བཞིན་ལས་གནས་བརྟན་སྲུང་བྱས།

“ནག་ཆུར་སླེབས་པར་དགའ་བསུ་ཞུ། བཀོད་འཐབ་པ་མང་ཆེ་བ་ཁྱིམ་དུ་ལོག་ཐབས་བྲལ་བས་ནང་མི་མང་པོ་འདི་གར་ཁོང་ཚོར་ལྟ་བར་ཡོང་གི་ཡོད། ད་ཆ་ཁྱེད་གཉིས་དང་འདྲ་བའི་དགའ་གྲོགས་ལྔ་དྲུག་ཙམ་སླེབས་སོང”ཞེས་ནག་ཆུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ཚན་མོའུ་ཀྲང་གིས་ཅི་མུ་སིར་དེ་ལྟར་བཤད།

ལུགས་རྙིང་ལོའི་གནམ་གང་དུ་ཚན་པ་མང་པོ་ཞིག་ངལ་གསོ་བཞག་ཀྱང་ནག་ཆུའི་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་ངོས་ནས་བརྗོད་ན། དེ་ཉིན་ནི་ལོ་གཅིག་རིང་གི་བྲེལ་བ་ཆེ་ཤོས་ཀྱི་ཉིན་ཞིག་རེད། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཡི་ཁྲོད་ཞོགས་པ་སྔ་པོ་ནས་ཀྲང་ཕེང་གིས་འཐབ་གྲོགས་ཚོ་དང་མཉམ་དུ་དགོན་སྡེར་བསྐྱར་དུ་གྲལ་བཤེར་བྱེད་པར་བསྐྱོད། བོད་ལ་དགོན་སྡེ་མང་ལ་རིག་དངོས་ཀྱང་མང་བས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མང་པོ་ཡོད། ང་ཚོས་རྒྱུན་དུ་དམ་འཛིན་ལྷོད་མེད་བྱས་ཚེ། གནས་འདི་དང་འདིའི་མི་དམངས་ལ་ངོ་གནོང་མི་དགོས་ཞེས་ཀྲང་ཕེང་གིས་རྒྱུན་དུ་ཤོད་ཀྱི་ཡོད།

ལོ་གསར་གནམ་གང་དུ་ནག་ཆུ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་བཀོད་འཐབ་པ་ཚོས་སྔ་པོ་ནས་ཟ་མ་བཟས་རྗེས་ཆབ་མདོའི་འབའ་གཞས་དང་། བོད་ཀྱི་དམངས་གཞས། དར་གསོ་ཆེ་བའི་གླུ་གཞས་སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་ནས་འཁྲུག་ཆ་ཧ་ཅང་དོད་པའི་གནམ་གང་ཞིག་བཏང་བ་རེད། འོན་ཀྱང་། མཉམ་འཛོམས་ཀྱི་དུས་སྐབས་ནི་ཧ་ཅང་ཐུང་ཐུང་རེད། འཐབ་འཛིང་བ་མང་པོ་ཞིག་ད་དུང་དགོང་མོའི་སྡོད་བྱར་འགྲོ་དགོས་ཤིང་། དེའི་ནང་ཀྲང་ཕེང་ཡང་ཚུད་ཡོད།

ཅི་མུ་སི་སེམས་པ་སྐྱིད་པོ་དེ་ཙམ་མེད་རུང་ཁོ་མོས་བསམ་ཤེས་ཆེན་པོས་ཀྲང་ཕེང་རླངས་འཁོར་དུ་མ་མཛུལ་བར་བསྐྱལ་བ་དང་། དེ་མུར་སེམས་གཏིང་དུ་སྐྱོ་སྣང་ཞིག་ཀྱང་ལང་ལོང་དུ་འཕྱུར་བའི་རྦ་རླབས་བཞིན་དྲག་ཏུ་སྐྱེས། འོན་ཀྱང་། ཀྲང་ཕེང་མི་དམངས་ཀྱི་བདེ་འཇགས་ཆེད་དུ་ལས་དོན་སྒྲུབ་པར་སྐྱོད་པའི་རྣམ་པ་དེ་མཐོང་སྐབས། ཁོ་མོའི་སེམས་ལ་སྤོབས་པ་ཆེན་པོ་སྐྱེས་ཤིང་། “ཕྱི་པོ་ག་ཚོད་ཆགས་ཀྱང་ངས་རང་བསྒུགས་ནས་བསྡད་ཆོག”ཅེས་ཅི་མུ་སིས་དལ་གྱིས་སྐྱོད་བཞིན་པའི་མེ་གསོད་རླངས་འཁོར་ལ་ལྟ་བཞིན་དེ་ལྟར་བཤད།

དཔྱིད་གསར་དུས་ཆེན་ལ་བོད་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་ཏུ་ཀྲང་ཕེང་དང་ཅི་མུ་སི་ན་གཞོན་ཁྱོ་ཤུག་གཉིས་དང་འདྲ་བའི་ལེ་དབར་ཁྲི་སྟོང་བརྒལ་ནས་མཉམ་འཛོམས་བྱེད་པར་ཡོང་སྟེ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བའི་བཀོད་འཐབ་པའི་ཁྱིམ་ཚང་ད་དུང་ཧ་ཅང་མང་པོ་ཡོད། ཁོང་ཚོས་སྐད་གྲགས་མེད་པར་བློས་གཏོང་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་སུམ་བརྒྱའི་བདེ་འཇགས་དང་བདེ་སྐྱིད་བསྲུངས་ནས། དུས་རབས་གསར་པའི་མེ་ཟོན་རོགས་སྐྱོབ་རུ་ཁག་གི་བཀོད་འཐབ་པའི་ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་སེམས་མངོན་བཞིན་ཡོད།