《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་བདེ་འཇགས་ནུས་ཆེའི་གཏུག་བཤེར་ཞབས་འདེགས་འགན་ལེན་བྱས་པ།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་གོང་རིམ་གྱི་བཀོད་སྒྲིག་དང་བླང་བྱར་ནན་པོར་གཞིགས་ནས། དོ་བདག་ལ་དྲ་ཐོག་ནས་གྱོད་དོན་ཐོ་འགོད་བྱེད་པར་ནུས་ཤུགས་ཡོད་རྒུས་ཁྲིད་སྟོན་བྱེད་པ་དང་། ཁང་པའི་ཕྱི་རུ་གཞུང་ལས་སྒྲུབ་པ་དང་དྲ་ཐོག་ནས་ཁྲིམས་ར་ཚོགས་པ་སོགས་ཀྱི་བྱེད་ཐབས་གསར་པ་ལག་བསྟར་ཧུར་ཐག་བྱས་ཏེ། དོ་བདག་གི་གཏུག་བཤེར་ཞབས་འདེགས་ཁེ་དབང་འགན་ལེན་བྱེད་པ་དང་ཆབས་ཅིག གཏུག་བཤེར་གྱི་ཞབས་འདེགས་བདེ་འཇགས་དང་ནུས་ཆེའི་ངང་ཞུས་ཡོད།

A

རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལུགས་ཁྱབ་གདལ་གཉིས་ཀར་དམ་འཛིན་བྱས་ནས་དོ་བདག་གི་མི་ལུས་བདེ་འཇགས་འགན་ལེན་བྱས་པ།

“ཟླ་2ཚེས་3ཉིན་ནས་རྒྱུན་གཏན་གྱི་ལས་ཀ་འགོ་ཚུགས་ཚུན། འདྲི་རྩད་དང་གྱོད་དོན་ཐོ་འགོད་བྱེད་པར་ཡོང་མཁན་ཅུང་མང་བའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་མི་སྣའི་འདུ་འཛོམས་མང་བ་ལས་བྱུང་བའི་བདེ་ཐང་གི་གནད་དོན་མི་ཐོན་སྔོན་འགོག་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱིས་ཁང་པའི་ཕྱི་རུ་གཞུང་ལས་སྒྲུབ་སྟངས་སྤྱད་དེ་ཁྲིམས་ཁང་ནང་གཏུག་བཤེར་སྣེ་ཤན་ལས་སྟེགས་བཙུགས་པ་དང་ཉིན་རེའི་གཏུག་བཤེར་སྣེ་ཤན་པ་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཉིན་མཚན་དབྱེར་མེད་ཀྱིས་འདྲི་རྩད་བྱེད་པར་ཡོང་མཁན་ཚོའི་དོགས་གནད་བསལ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད། ཟླ་2ཚེས་7ཉིན་བར། ཁྲིམས་ཁང་དེས་རིམ་རྩིས་བརྒྱབ་ན་དོ་བདག་62ལ་སྣེ་ལེན་ཞུས་པ་དང་གཏུག་བཤེར་གྱི་དཔྱད་གཞིའི་ཡིག་ཆ་28སྤྲད་ཡོད།

དེ་དང་ཆབས་ཅིག དོ་བདག་དང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་བདེ་ཐང་གི་བདེ་འཇགས་འགན་ལེན་བྱ་ཆེད། འདྲི་རྩད་བྱེད་པར་ཡོང་མཁན་ལ་ཚ་བ་ལྟ་བ་དང་། དོགས་གནད་སེལ་སྐབས་ཁ་རས་རྒྱག་པ། ལས་དོན་བསྒྲུབ་ཡུལ་དུ་དུག་སེལ་ཧུར་ཐག་བྱེད་པ། གཞུང་ལས་བསྒྲུབ་ཡུལ་དུ་མཁའ་རླུང་འཁོར་རྒྱུག་ཡག་པོ་ཐུབ་ཐབས་བྱེད་པ་སོགས་ནན་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད།

རིམས་ནད་ཐོན་རིང། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱིས་ད་དུང་འདྲི་རྩད་བྱེད་པར་ཡོང་མཁན་ཚང་མར《ཏོག་གསར་གློ་ཚད་ཀྱི་སྤྱི་དམངས་ཀྱི་སྔོན་འགོག་ཕྱོགས་སྟོན》སྤྲད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་དང་ཁྲིམས་ལུགས་ཁྱབ་གདལ་ཕྱོགས་གཉིས་ཀར་དམ་འཛིན་བྱས་ཡོད།

B

དྲ་ཐོག་ནས་གྱོད་དོན་ཐོ་འགོད་དང་ཁྲིམས་ར་འཚོགས་ཏེ་དོ་བདག་གི་ཁེ་དབང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

ཟླ་2ཚེས་3ཉིན་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གཏུག་བཤེར་ཞབས་ཞུ་ལྟེ་གནས་ཀྱིས་འབྲེལ་ཡོད་བྱ་ཐབས་བཏོན་ཏེ། དྲ་ཐོག་ནས་གྱོད་དོན་ཐོ་འགོད་ཀྱི་ཞིབ་བཤེར་གཏན་འབེབས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་ནན་སྲུང་། དོ་བདག་ལ་དྲ་ཐོག་ནས་གྱོད་དོན་ཐོ་འགོད་ལས་དོན་བསྒྲུབ་པར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་དོ་བདག་གི་གཏུག་བཤེར་ཁེ་དབང་ནུས་ལྡན་ངང་སྲུང་སྐྱོབ་བྱས་ཤིང་། ཟླ་2ཚེས་7ཉིན་བར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་རིམ་རྩིས་བརྒྱབ་ན་དྲ་ཐོག་ནས་གྱོད་དོན་ཐོ་འགོད་ཐེངས་100ལྷག་ཙམ་བྱས་ཡོད།

“རིམས་ནད་ཐོན་པའི་མིག་སྔའི་དུས་སྐབས་སུ་དོ་བདག་མང་པོ་ཞིག་ཁྲིམས་ཁང་དུ་ཁྲིམས་རའི་འདྲི་གཅོད་ལ་ཞུགས་ཐབས་བྲལ་ཡོད། དེར་བརྟེན་ང་ཚོའི་ཁྲིམས་ཁང་གིས་དྲ་ཐོག་ཁྲིམས་ར་བཙུགས་ཏེ་དོ་བདག་གི་གཏུག་བཤེར་ཁེ་དབང་འགན་ལེན་བྱས་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། ཟླ་2ཚེས་5ཉིན་གྱི་ཕྱི་དྲོར། ཁྲིམས་ཁང་དེའི་དམངས་དོན་འདྲི་གཅོད་དིང་གི་ཁྲིམས་དཔོན་གྱིས་དོ་བདག་དང་འབྲེལ་གཏུག་བྱེད་པ་དང་། དོ་བདག་གིས་མོས་མཐུན་བྱུང་རྗེས་དྲ་སྦྲེལ་ཁྲིམས་ར་བརྒྱུད་དམངས་དོན་གྱོད་གཞི་3བདེ་བླག་ངང་འདྲི་གཅོད་བྱས་པ་དང་། ཟླ་2ཚེས་6ཉིན། ཕྱོགས་གསུམ་གྱི་རྒྱང་ཁྲིད་བརྙན་ལམ་བརྒྱུད་ཉེས་དོན་གྱི་གྱོད་གཞི་ཞིག་འདྲི་གཅོད་བྱས་པ། ཟླ་2ཚེས་7ཉིན་གྱི་སྔ་དྲོར། སྟབས་བདེའི་དྲ་སྦྲེལ་ཁྲིམས་ར་བརྒྱུད་ཉེས་དོན་ཁག་ཁྱེར་བཀའ་སྒུག་གི་གྱོད་གཞི་ཞིག་ལ་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པ་རེད།