《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

དྲ་རྒྱའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་བརྡ་ཁྱབ།

བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་དང་པོ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དྲ་རྒྱའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ། དྲ་རྒྱར་དཀྲོག་གཏམ་དང་ཆ་འཕྲིན་རྫུས་མ་སོགས་སྤེལ་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

1

དྲ་རྒྱར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་། རྒྱལ་ཁབ་གཅིག་གྱུར་ལ་གནོད་འཚེ་བཟོ་བ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་གཏོར་གཏོང་བ་སོགས་ཀྱི་ཆ་འཕྲིན་སྤེལ་བའམ་ཡང་ན་དཀྲོག་གཏམ་སྤེལ་བ་དང་། དབྱེན་སྦྱོར་དཀྲུག་ཤིང་རྒྱག་པ། སྐུར་བ་འདེབས་པ་སོགས་བྱས་ནས། མི་རིགས་དབར་འཁོན་འགྲས་བཟོ་བ་དང་། མི་རིགས་ལ་མཐོང་ཆུང་བྱེད་པ། མི་རིགས་དབར་གྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་བཅས་གཏན་འགོག་བྱེད་དགོས།

2

དྲ་རྒྱར་ཏང་གི་ཆོས་ལུགས་སྲིད་ཇུས་ལ་ཚིག་མཚོན་འདེབས་པའི་གཏམ་བརྗོད་སྤེལ་བ་དང་། ཆོས་ལུགས་ཀྱི་ཐད་སྐྱོད་བསམ་བློ་དང་ཁ་ཕྲལ་རིང་ལུགས་ཀྱི་བསམ་བློ་འུད་སྒྲོག་བྱེད་པ། མང་ཚོགས་ངན་སྐུལ་གྱིས་ཏང་དང་སྲིད་གཞུང་ལ་མི་འདོད་པའི་རྣམ་འགྱུར་འཛིན་པ། ངན་པ་ལག་འབྲེལ་གྱིས་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་སྒྲིག་འཛུགས་བྱེད་པ། དྲ་རྒྱ་བརྒྱུད་ཆོས་ལོག་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སོགས་ཀྱི་ཆ་འཕྲིན་ཁྱབ་སྤེལ་བཅས་གཏན་འགོག་བྱེད་དགོས།

3

དྲ་རྒྱ་བརྒྱུད་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་རིམས་ནད་འགོག་བཅོས་ལ་སྤྱད་པའི་རིམས་འགོག་དང་། ནད་བཤེར། བཙན་ཤེད་ཀྱིས་ལོགས་སུ་འཇོག་པ། ལོགས་སུ་བཞག་ནས་སྨན་བཅོས་བྱེད་པ་སོགས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལ་མང་ཚོགས་ངན་སྐུལ་བྱས་ནས་དྲག་ཤུགས་ཀྱིས་འགོག་པར་བཀག་འགོག་བྱེད་དགོས།

4

ལྗོངས་ཡོངས་ཀྱི་རིགས་ཁག་དང་རིམ་པ་ཁག་གི་དྲ་ཚུགས་དང་། སྤྱི་རྟགས། སྒུལ་བདེའི་དུད་སྣེ་སོགས་དྲ་རྒྱའི་ལས་སྟེགས་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཆ་འཕྲིན་གྱི་ཡོངས་ཁུངས་དང་ནང་དོན་ལ་ཞིབ་བཤེར་ནན་པོ་བྱེད་དགོས། གྲོང་ཁྱེར་དང་རྫོང་ཁག་དང་སྡེ་ཚན་ཁག་གིས་ཁོངས་གཏོགས་ཀྱི་ས་ཆ་དང་ལས་རིགས་ལ་ལྟ་འདོམས་བྱེད་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས་པ་དང་། ཞིབ་བཤེར་ནན་པོ་མི་བྱེད་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་སྤེལ་བའི་རིགས་ལ་ནན་ཞིང་ལྕི་བའི་ཁྲིམས་ཆད་གཅོད་དགོས།

5

རིགས་ཁག་གི་དྲ་རྒྱའི་ལས་སྟེགས་དང་རྒྱ་ཆེའི་དྲ་དམངས་ཚོས། དྲ་ཐོག་ཏུ་སྤེལ་བའི་ཆ་འཕྲིན་བདེན་རྫུན་འབྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་ཆ་འཕྲིན་དག་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ཚད་གཞིར་འཛིན་དགོས། ར་སྤྲོད་གསལ་པོ་མ་བྱུང་བ་དང་། ས་ཁོངས་གསལ་པོ་མེད་པ། སྟོན་ཕྱོགས་གསལ་པོ་མེད་པ་བཅས་ཀྱི་རིམས་ནད་ཀྱི་པར་རིས་དང་། བརྙན་ཐུང་། སྒྲ་ལམ་སོགས་ཀྱི་ཆ་འཕྲིན་མི་སྤེལ་བ་དང་། བརྒྱུད་སྤེལ་མི་བྱེད་པ། དཔྱད་གཏམ་མི་སྤེལ་བ་བཅས་བྱས་ཏེ། དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྤེལ་བ་བཅས་བྱེད་དགོས། ཁྱབ་བསྒྲགས་དང་བརྒྱུད་སྐུར་ཟིན་པའམ་ཡང་ན་དཔྱད་གཏམ་སྤེལ་ཟིན་པ་དོན་དང་མ་མཐུན་ཚེ། འཕྲལ་མར་སུབ་དགོས་པ་མ་ཟད། དུས་ཐོག་ཏུ་སྤྱི་དམངས་ལ་གསལ་བཤད་བྱས་ཏེ་དེ་ལས་བྱུང་བའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་མེད་པར་བཟོ་དགོས།

6

དྲ་སྦྲེལ་གྱི་ཚོགས་པ་འཛུགས་མཁན་དང་དོ་དམ་བྱེད་མཁན་གྱིས་ཚོགས་པའི་དོ་དམ་གྱི་འགན་འཁྲི་ནན་ཏན་འཁུར་ནས་དྲ་ཐོག་གི་ཚོགས་མིའི་བྱ་སྤྱོད་དང་ཆ་འཕྲིན་ཡོངས་བསྒྲགས་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་ཚོགས་པའི་ཁོངས་མིས་ཚོགས་པའི་ནང་ཆ་འཕྲིན་སྤེལ་རེས་བྱེད་སྐབས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་ཡ་རབས་ལྡན་པའི་སྒོ་ནས་སྤེལ་རེས་དང་དཔྱོད་ཤེས་ཀྱིས་རང་གི་འདོད་ཚུལ་ཤོད་དགོས། གལ་སྲིད་ཚོགས་པའི་ནང་ཆ་འཕྲིན་རྫུས་མ་ཁྱབ་བསྒྲགས་དང་བརྒྱུད་སྤེལ་བྱས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་རིགས་ལ། དྲ་འཕྲིན་དང་སྤྱི་བདེ་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་རྒྱུ་མ་ཟད། ཁྱབ་བསྒྲགས་བྱེད་མཁན་དང་། བརྒྱུད་སྐུར་བྱེད་མཁན། ཚོགས་གཙོ་སོགས་འབྲེལ་ཡོད་མི་སྣར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།

7

སྒེར་དོན་གསང་བའི་དབང་ཆར་བརྩི་འཇོག་དང་སྲུང་སྐྱོང་བྱས་ནས་དྲ་རྒྱ་ནས་སྒེར་གྱི་གསང་བ་ཁྱབ་སྤེལ་དང་བརྒྱུད་བསྒྲགས་མི་བྱེད་པ་དང་གཞན་གྱི་སྙན་གྲགས་དང་སྒེར་དོན་གསང་བའི་དབང་ཆར་བཙན་གནོད་གཏོང་བའི་དྲ་རྒྱའི་ཁྲིམས་འགལ་བྱེད་སྤྱོད་སྤེལ་མི་ཆོག

རྒྱ་ཆེའི་དྲ་དམངས་ཚོས་དྲང་ནུས་ལྡན་པའི་ཆ་འཕྲིན་ཧུར་ཐག་སྤེལ་བ་དང་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་དང་འགོག་སྲུང་བྱེད་ཐབས་དྲིལ་བསྒྲགས་ལ་ལྕག་སྐུལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཚོས་རིམས་ནད་ཀྱི་གནས་ཚུལ་ལ་ངོས་འཛིན་ཡང་དག་ཡོང་བར་ཁྲིད་སྟོན་བྱེད་དགོས། དཔོད་ཕྲན་དང་། སྤེལ་གནས། སྐད་འཕྲིན་ཚོགས་པ་དང་གྲོགས་ཚོམས། ཁྱུག་དབྱིངས་སོགས་དྲ་རྒྱའི་ལས་སྟེགས་སུ་དངོས་ཡོད་མིན་པའི་ཆ་འཕྲིན་ནམ་ཡང་ན་དཀྲོག་གཏམ་བཟོ་བའམ་སྤེལ་བ་ཤེས་རྟོགས་བྱུང་ཚེ། དྲ་འཕྲིན་དང་སྤྱི་བདེ་སྡེ་ཚན་ལ་ཐེར་འདོན་བྱེད་དགོས།

བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་དོན་ཁང་།

བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་།

2020ལོའི་ཟླ་2ཚེས་10ཉིན།