《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

ལྷོ་ཁ་གྲོང་ཁྱེར་གྱི་མི་ཞིག་གིས་ཁ་རས་གོང་སྤར་ནས་བཙོངས་པས་དངུལ་ཆད་ སྒོར་7845བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་ལ“མི་ཞིག་གིས་ལྷོ་ཁ་གྲོང་ཁྱེར་ཧྲུན་ཧྥེང་མྱུར་སྐྱེལ་ཀུང་སིའི་སྒོ་འགྲམ་དུ་རླངས་འཁོར་ཞིག་གི་ནང་ཁ་རས་གོང་སྤར་ནས་ཚོང་བཞིན་སྨན་པས་སྤྱོད་པའི་ཁ་རས་N95ཡིན་ཟེར་གྱི་འདུག”ཅེས་པའི་ཉེན་བརྡའི་ཁ་པར་འབྱོར་བ་རེད། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཁུངས་སྣེ་གཞིར་བཟུང་། ས་ཆ་དེ་རང་དུ་ཁ་རས་འཚོང་བཞིན་པའི་ཤའོ་ཆེ་གེ་མོ་བཟུང་བ་རེད།

བརྟག་དཔྱད་བྱས་པ་བརྒྱུད། ཤའོ་ཆེ་གེ་མོས་ཀུང་སི་ཞིག་ནས་ཁ་རས་རེར་སྒོར་5.58བྱས་པའི“པའོ་ཝེ་ཁང”རྟགས་ཅན་གྱི་ངལ་རྩོལ་འགན་ལེན་ཁ་རས་2340འཐེན་རྗེས་ཁ་རས་རེར་སྒོར་28བྱས་ཏེ་བཙོངས་པ་དང་། རིན་གོང་སྤོར་ཚད་400%ཟིན་གྱི་ཡོད། གྱོད་གཞི་དེ་ཉེས་དོན་གྱོད་གཞིའི་གྱོད་ཁོངས་སུ་འཇུག་པའི་ཚད་གཞིར་སླེབས་མེད་པས། དེ་ཉིན་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་དེ་ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། ཤའོ་ཆེ་གེ་མོའི་བྱེད་ལུགས་དེ་རིན་གོང་ཧམ་སྤོར་གྱི་ཁྲིམས་འགལ་བྱེད་སྤྱོད་ཡིན་པས། ལྷོ་ཁ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《རིན་གོང་ཁྲིམས་འགལ་བྱེད་སྤྱོད་ལ་སྲིད་འཛིན་ཆད་པ་གཅོད་པའི་གཏན་འབེབས》གཞིར་བཟུང་། ཤའོ་ཆེ་གེ་མོའི་ཁ་རས་བཙོངས་པའི་དངུལ་སྒོར་1569གཞུང་བཞེས་བཏང་བ་དང་འབྲེལ། དངུལ་ཆད་སྒོར་7845བཏང་བ་རེད།

ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རིམས་ནད་ཐོན་པའི་སྐབས་དང་བསྟུན་ནས་ཟོག་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་ཚོང་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། རྫུན་ལྷད་ཞན་གསུམ་གྱི་སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་སྤྱོད་འཕྲོད་བསྟེན་རྒྱུ་ཆ་བཅས་བཟོ་བ་དང་འཚོང་བ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉོ་བ་དང་། དབོར་འདྲེན། འཚོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)