《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས།

དྲ་རྒྱའི་ཁྲིམས་ར་འཚོགས་ཏེ་གཞུང་གཏུག་གྱོད་གཞི་སྒྲུབ་གཉེར་བྱས་པ།

ཟླ་2ཚེས་6ཉིན་གྱི་ཞོགས་པ་སྔ་པོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཉེས་དོན་ཞིབ་དཔྱོད་སྡེ་ཚན་གྱི་ཞིབ་དཔྱོད་དཔོན་བཀྲ་ཤིས་ལྷ་འཛོམས་ཀྱིས་ཁྲིམས་ར་མ་འཚོག་གོང་གྲ་སྒྲིག་ཨང་གསར་བྱས་ཏེ། གཞུང་གཏུག་སྟེགས་བུའི་ཐོག་བསྡད་ནས་གོ་རིམ་སྟབས་བདེ་སྤྱད་དེ་རྐུ་རྒྱག་གྱོད་གཞི་གཅིག་གི་དྲ་ཐོག་ནས་སྒྲུབ་གཉེར་བྱས་པ་རེད། དེ་སྔོན་དང་མི་འདྲ་བ་ནི་ད་ཐེངས་ཁོང་གིས་ཁྲིམས་རར་མ་བསྐྱོད་པར་ཚན་པའི་དྲ་རྒྱའི་ཁྲིམས་རའི་མ་ལག་ལ་བརྟེན་ནས་ཁྲིམས་རར་ཞུགས་པ་དང་གཞུང་གཏུག་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།

“གཞུང་གཏུག་པ། གྲ་སྒྲིག་ཚར་སོང་ངམ། ད་ལྟ་གྱོད་གཞིར་ཞིབ་གཅོད་བྱེད་འགོ་འཛུགས་ཀྱི་ཡིན”ཞེས་སྒྲ་སྒམ་ནས་འདྲི་གཅོད་དཔོན་གྱིས་བཤད་པ་དང་། གྱང་ངོས་ཀྱི་བརྙན་འཕྲིན་ནས་ཁྲིམས་རའི་ཡུལ་དངོས་ཀྱི་པར་གཞི་མངོན་གྱི་ཡོད། སྔ་དྲོའི་ཆུ་ཚོད་10པར་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། ལྟ་སྲུང་ཁང་བཅས་ཕྱོགས་གསུམ་ལས་གྲུབ་པའི་དྲ་རྒྱའི་ཁྲིམས་ར་དངོས་སུ་འཚོགས་པ་དང་། ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་བརྙན་ལམ་སྦྲེལ་མཐུད་བརྒྱུད། ལྟ་སྲུང་ཁང་གི་གྱོད་ཡ་གང་ནས་ཡིན་མིན་གཏན་འཁེལ་བྱས་པ་དང་། ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་ཁྲིམས་སྦྱོར་ཞུ་ཡིག་དང་། བྱས་ཉེས་ཚད་འབེབས་གྲོས་འགོ། དཔང་རྟགས་ཀྱི་དཔྱད་གཞི་སྣ་ཚོགས་བཅས་སྒྲོག་སྦྱངས་བྱས་པ་དང་། གྱོད་ཡས་བརྙན་ལམ་བརྒྱུད་ཁྲིམས་གཏུག་གི་དོན་དངོས་རེ་རེ་དང་དཔང་རྟགས་ཚང་མ་ཁས་ལེན་པ་རེད།

2019ལོའི་ཟླ་10ཚེས་10ཉིན་གྱི་ཐོ་རེངས། གྱོད་ཡ་སྤེན་ཆེ་གེ་མོས་གནོད་འཚེ་ཕོག་མཁན་བསྟན་ཆེ་གེ་མོས་གྲྭ་བཞི་དཀྱིལ་ལམ་དུ་བཞག་པའི་ཧྥུང་ཐེན་ཁའེ་མེ་རུའེ་རྟགས་ཅན་གྱི་རླངས་འཁོར་དཀར་པོའི་གཡས་ངོས་ཀྱི་ཤེལ་སྒོ་བཅག་པ་དང་འབྲེལ། རླངས་འཁོར་ནང་གི་ཅ་དངོས་བླུགས་སྣོད་ནས་སྒོར་ཁྲི་6བརྐུས་ཡོད། ད་ཆ་བརྐུས་དངུལ་ཡོངས་རྫོགས་བདའ་འདེད་བཏང་ནས་གནོད་འཚེ་ཕོག་མཁན་ལ་སྤྲད་པ་དང་དུས་མཚུངས། གྱོད་ཡ་དང་གནོད་འཚེ་ཕོག་མཁན་དབར་བར་འདུམ་གྲོས་མཐུན་བཞག་པར་གནོད་འཚེ་ཕོག་མཁན་གྱི་བསམ་ཤེས་ཐོབ་པ་རེད།

ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་དེ་ཉིན་ཁྲིམས་ར་འཚོགས་ནས་གྱོད་གཞི་དེར་འདྲི་གཅོད་ཐེངས་དང་པོའི་ཁྲུན་ཐག་བཅད་པ་དང་། གྱོད་ཡ་སྤེན་ཆེ་གེ་མོར་དུས་བཀག་བཙོན་བཅུག་ལོ་གཉིས་དང་ཟླ་བ་བཅུ་གཅིག་བྱ་རྒྱུ་དང་འབྲེལ་དངུལ་ཆད་སྒོར་4000བཏང་ཡོད། ཉེས་བགྲང་ཞུ་གཏུག་བྱས་པའི་ཉེས་གསོག་དོན་དངོས་དང་དཔང་རྟགས་སྤེན་ཆེ་གེ་མོས་ཁས་བླངས་པ་དང་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་ཡོད།

“ད་ཆ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་པས། དྲ་རྒྱའི་ཁྲིམས་ར་འཚོགས་པའི་མ་ལག་སྤྱད་དེ་གཞུང་གཏུག་བརྒྱབ་པ་དེ་ཐོག་ནས་ཉེས་གསོག་དོགས་ཅན་གྱི་གཏུག་བཤེར་ཁེ་དབང་དང་འོས་འགན་འགན་ལེན་ཐུབ་པ་མ་ཟད། རིམས་ནད་སྔོན་འགོག་བྱེད་རིང་ཁྲིམས་ར་བདེ་བླག་ངང་འཚོག་རྒྱུའང་འགན་ལེན་བྱུང་ཡོད”ཅེས་བཀྲ་ཤིས་ལྷ་འཛོམས་ཀྱིས་གསར་འགོད་པར་བརྗོད་བྱུང་། ཁོང་གིས“མིག་སྔར་དྲ་རྒྱའི་ཁྲིམས་རའི་མ་ལག་དེ་དོན་དངོས་ཁ་གསལ་བ་དང་། དཔང་རྟགས་ཁུངས་བཙན། གྱོད་ཡས་རང་འགུལ་ངང་རང་ཉེས་ངོས་ལེན། གནས་ཚུལ་ཚབས་ཆུང་བ་བཅས་ཀྱི་གོ་རིམ་སྟབས་བདེ་བའི་གྱོད་གཞིར་གཙོ་གནད་ཐོག་སྤྱོད་རྒྱུར་འཚམ་པོ་ཡོད”ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གྱོད་གཞི་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་གྱོད་སྒྲུབ་སྡེ་ཚན་ཁག་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བླང་བྱར་ནན་ཏན་ངང་གཞིགས་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཁྲིམས་ཁང་དང་ལྟ་སྲུང་ཁང་སོགས་ཚན་པ་དང་མཐུན་སྦྱོར་སྦྲེལ་མཐུད་ཧུར་ཐག་བྱེད་པ། དྲ་རྒྱའི་ཐོག་ནས་བཙོན་འདོན་འདྲི་ཞིབ་དང་། དྲ་རྒྱའི་ཁྲིམས་ར་འཚོགས་པ། དྲ་ཐོག་འདྲི་རྩད་སོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་དྲ་རྒྱ་བརྒྱུད་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་པ་དང“ཞིབ་དཔྱོད་ཆེན་པོ་བཞིའི”ལས་སྒོ་མཚམས་འཇོག་མི་བྱེད་པ་དང་། སྒུག་ནས་མི་སྡོད་པ། ནར་འགྱངས་མི་བྱེད་པ་བཅས་འགན་ལེན་དང་བྱ་སྤྱོད་དངོས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་གྱོད་གཞི་ཐག་གཅོད་གཉིས་ཀར་འཐུས་ཤོར་མི་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)