《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月18日

བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཐད་ཞིབ་དཔྱོད་ཀྱི་གྲོས་འགོ་ཐོག་མ་བཏོན་པ།

ཟླ་1ཚེས་30ཉིན། སྐད་འཕྲིན་སྤྱི་རྟགས“ལྷ་སར་དགའ་བདེར་རོལ”ཞེས་པའི་ཐོག་སྤེལ་བའི“ལྷ་སའི་ཁྲོམ་གཞུང་དུ་ཁ་རས་རྫུས་མ་དང་དུས་ཚོད་ཡོལ་བའི་ཁ་རས་འཚོང་གི་འདུག་པས་གྲོང་མི་ཚོས་ཡིད་གཟབ་བྱེད་དགོས”ཞེས་པའི་ཆ་འཕྲིན་དང་། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི《ལྗོངས་ཡོངས་ཀྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་གྱི“གཞི་གཅིག་ཅན”གྱི་གྱོད་སྒྲུབ་ལམ་སྲོལ》གྱི་བླང་བྱ་གཞིར་བཟུང་། ཁུངས་སྣེ་དེ་མགྱོགས་མྱུར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་ལ་ཞིབ་བཤེར་བྱ་རྒྱུར་རྩིས་སྤྲད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་འཕྲལ་དུ་དམངས་དོན་སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་པུའུ་མངགས་ཏེ། ཁྲིམས་བཞིན་གྱོད་གཞི་གཉིས་སྔ་སྣུར་གྱིས་སྒྲུབ་འགོ་བཙུགས་པ་དང་ཆེད་དོན་ཚོགས་འདུ་འཚོགས་པ་མ་ཟད། ཆེད་མི་གཏན་འཁེལ་བྱས་ཏེ་སྤྱི་བདེ་ལས་ཁུངས་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་དང་སྦྲེལ་མཐུད་བྱས་ནས་གྱོད་གཞིའི་གནས་ཚུལ་ཤེས་རྟོགས་ཀྱིས་མྱུལ་ཞིབ་དཔང་ལེན་ལ་ཁྲིད་སྟོན་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། 2020ལོའི་ཟླ་1ཚེས་27ཉིན། མཱ་ཆེ་གེ་མོས་གཉེར་སྐྱོང་འགྲོ་ལུགས་དང་གཉེར་སྐྱོང་བྱ་ཡུལ་གང་ཡང་མེད་པར། ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་དུ་སྤྱོད་གཅིག་མའི་ཁ་རས་ལྐོག་འཚོང་རྒྱག་སྐབས་སྐོར་གཡེང་བྱེད་མཁན་མི་དམངས་ཉེན་རྟོག་པས་མཐོང་བ་མ་ཟད། འཚོང་འཕྲོར་ལུས་པའི་ཁ་རས་རྐང་520གཞུང་བཞེས་བཏང་བ་རེད། ཆོད་སྡོམ་རགས་ཙམ་བྱས་པ་བརྒྱུད། མཱ་ཆེ་གེ་མོས་བཙོངས་པའི་ཁ་རས་དག་དུས་ཚོད་ཡོལ་བ་དང་ཚད་གཞི་མ་ལོན་པ་ཤ་སྟག་ཡིན་པ་རེད། གཞན་ཡང་དེ་ཉིན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་སྐོར་གཡེང་བྱེད་སྐབས་ཤེས་རྟོགས་བྱུང་གསལ། ཀྲང་ཆེ་གེ་མོས་རང་ཉིད་ཀྱིས་གཉེར་བའི་ཀྲུང་ལུགས་འཕུར་མཉེད་གསོ་བཅོས་ཁང་དུ་ཚད་གཞི་མ་ལོན་པའི་སྨན་བཅོས་ཁ་རས་བཙོངས་པར་ཡོང་འབབ་སྒོར་20000དང་ཁེ་བཟང་སྒོར་15000བྱུང་ཡོད་པ་རེད། ཆོད་སྡོམ་རགས་ཙམ་བྱས་པ་བརྒྱུད། ཀྲང་ཆེ་གེ་མོས་བཙོངས་པའི་སྨན་སྤྱོད་ཁ་རས་ལ་ཐོན་སྐྱེད་ཀྱི་དུས་ཚོད་གཏན་འཁེལ་བཀོད་མེད་པས་ཚད་གཞི་མ་ལོན་པའི་ཐོན་རྫས་རེད།

གྱོད་གཞི་དེ་གཉིས་ཏོག་གསར་གློ་ཚད་རིམས་ནད་ཐོན་མང་བའི་དུས་སུ་ལྷག་པ་དང་། ཁ་རས་ནི་མི་དམངས་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་གི་དངོས་རྫས་གལ་ཆེན་ཞིག་ཡིན་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་2020ལོའི་ཟླ་2ཚེས་6ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ལ་གྱོད་གཞི་དེ་གཉིས་ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་པ་སྟེ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་ཀྱི་འགན་འཁྲི་འཁུར་དགོས་པ་དང་། ཁྲིམས་འགལ་བྱེད་སྤྱོད་མི་སྣས་འཕྲལ་དུ་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་ནས། ཁྲིམས་འགལ་བྱེད་སྤྱོད་མི་སྣར་དེ་མཚུངས་ཀྱི་སྲིད་འཛིན་ཆད་པ་གཅོད་དགོས་པ་དང་། ཁྲིམས་ལྟར་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་ཡོ་ཆས་ལ་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ལས་དོན་བསྒྲུབ་རྒྱུར་ཁྲིམས་བཞིན་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་མ་ཕོག་པ་བྱེད་དགོས།

“‘རིམས་ནད་ནི་བཀའ་རྒྱ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན’ང་ཚོས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི《སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཁྲིམས་འཛིན་གྱི་ཁོར་ཡུག་ལེགས་པོ་གཏོད་དགོས་པའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱར་ནན་པོ་གཞིགས་ཏེ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་པ་དང་། འགོག་བཅོས་དང་འགོག་སྲུང་གི་ཐོན་རྫས་རྫུས་མ་དང་དངོས་ཟོག་རྫུས་མ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་དང་མགྱོགས་པོ་བཏང་ནས། སྤྱི་ཚོགས་ལས་རིགས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ལྡན་སྤེལ་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ཁྲིམས་འཛིན་གྱི་ཁོར་ཡུག་ལེགས་པོ་ཞིག་གཏོད་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་བྱམས་པ་སྒྲོལ་མས་བཤད།

(པ་ཕན་དང་སྐལ་མཆོག་གིས་བསྒྱུར་ཅིང་ཞུས)