《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

༄༅ མན་ ངག་ འཆི་ མེད་ བདུད་ རྩི་།

ཨེ་ཕུར་བཀྲ

བོད་ཀྱི་བཀྲ་ཤིས་ལོ་གསར། །

འཇབ་ནས་འཁྲིས་སུ་བཅར་བྱུང་། །

ཕྱོགས་འགྲུལ་གར་འགྲོ་ངེས་མེད། །

རང་འགྲོ་རང་གིས་ཚོད་བྱེད། །

ཤར་འགྲོ་ནུབ་འགྲོའི་ས་ལ། །

སྐྱེ་བོ་སྣ་མིན་སྣ་ཚོགས། །

ནད་དུག་རང་ལ་ཡོད་པ། །

ནད་པ་ཡིས་ཀྱང་མ་ཤེས། །

སྐྱེ་བོ་སུ་དང་གང་ལ། །

དོགས་ཟོན་བྱས་ན་དགེ་ཡིན། །

དོགས་ཟོན་བྲལ་བའི་སྐྱེ་བོ། །

ཀླ་ཀློ་སྨྱོན་པའི་ཚུལ་ལོ། །

ཏོག་གསར་གློ་ཚད་འགོག་པའི། །

ཐབས་ཀྱི་མཆོག་ཏུ་གྱུར་པ། །

རང་ཁྱིམ་གྲུ་བཞིའི་ནང་ལ། །

ལྷོད་པོར་སྡོད་པ་ཡིན་ནོ། །

གཞན་ལ་ལས་ལ་གཞོལ་བ། །

ཐེག་པ་ཆེན་པོའི་ཆོས་ཡིན། །

མ་ཕན་གནོད་དོགས་མེད་པ། །

ཐེག་པ་ཆུང་ངུའི་ཆོས་ཡིན། །

སྨན་དོན་བྱ་བར་ཕན་པའི། །

དོན་ཆེན་བསྒྲུབ་ནུས་བྲལ་ཡང་། །

ཀུན་ལ་གནོད་དོགས་བསམས་ནས། །

མི་ཚོགས་ཡོད་སར་མ་འགྲོ། །

ཁ་རས་ཕྱེད་ཙམ་བརྒྱབ་ནས། །

ཁ་ནས་མ་ཎི་འདོན་བཞིན། །

ཁ་ཆུ་སྣ་ཆུ་འཛར་འཛར། །

ཁྲོམ་སྲང་ཉུལ་བར་མ་ཕེབས། །

ལོ་གསར་མཁོ་ཆས་ཉོ་ཟེར། །

ཁ་ཟས་སྡེར་ཁ་ཉོ་ཟེར། །

རྒན་རྒོན་ཕྲུ་གུ་འཁྲིད་ནས། །

ཁྲོམ་སྲང་ཉུལ་བར་མ་ཕེབས། །

རྡོ་གཡམ་སྟེང་གི་ཕྱེ་མར། །

གྲོ་སྙེ་གཅིག་ལས་མེད་ཀྱང་། །

བཀྲ་ཤིས་གནམ་ལོ་བསུས་པའི། །

ལོ་རྒྱུས་སྟོང་ལ་བགྲང་ཡོད། །

སྡེར་ཁ་རྒྱས་པོ་མི་དགོས། །

ཞལ་ཟས་སྣ་ཚོགས་མི་དགོས། །

བོད་ཁམས་ནད་ཡམས་མེད་ན། །

བཀྲ་ཤིས་ལོ་གསར་དེ་ཡིན། །

སེར་སྐྱ་ཕོ་མོ་རྒན་གཞོན། །

རྒྱ་ཟོག་ཁྲོམ་རྭར་འཛོམས་ནས། །

ལོ་གསར་གཟབ་སྤྲོས་ཉོ་ཟེར། །

ཚང་ཁ་རྒྱག་ལ་མ་འགྲོ །

གོན་རྒྱུའི་གཟབ་སྤྲོས་མེད་པར། །

མ་འདོད་ནད་ཡམས་ཉོས་ཡོང་། །

དེ་ལས་རང་ཁྱིམ་གྲུ་བཞིར། །

རང་རང་སྤྱོད་པ་སྐྱོངས་ཤིག །

འདི་ལོའི་ལོ་གསར་འདི་ལ། །

ཞིམ་ཞིམ་མངར་མངར་མ་དགོས། །

གཟབ་སྤྲོས་འཛོམ་འཛོམ་མི་དགོས། །

ནད་ཡམས་བགེགས་བར་མི་དགོས། །