《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

༄སྟོབས་ ཤུགས་ ཀྱི་ གཏམ་ རྒྱུད་།

— ནང་སར་ཏོག་གསར་གློ་ཚད་ཐོན་རྗེས། བསོད་ནམས།

དུག་སྲིན་གཤེད་མར་ཁ་ཡ་མི་འདོད་བཞིན། །

བརྙན་འཕྲིན་སྐད་འཕྲིན་སྒོམ་སྒྲུབ་བགྱིས་པའི་ཚེ། །

ནད་འགོག་རྒྱལ་ཁའི་བྱེད་རྩོལ་དུ་མ་ཡིས། །

སྙན་ཚིག་འདི་སྐད་མྱུར་དུ་བྲིས་ཤིག་ཟེར། །

ནད་ཡམས་ཆག་སྒོ་འཕྲད་ཀྱང་མི་ཞུམ་པར། །

ཀུན་སེམས་གཅིག་སྒྲིལ་འགོག་རྒོལ་མཐོ་རླབས་ཀྱི། །

བརྗོད་བྱ་འདི་དག་མཆིས་པའི་སྐུལ་སློང་གིས། །

ཡིད་ལ་འཕྲོད་པའི་དོན་ངོ་འདི་སྐད་དོ། །

དལ་དལ་དཔྱིད་རླུང་ས་གཞིར་ལྡང་དང་ལྷན། །

ལྐོག་ལྐོག་སུད་སུད་ནད་དུག་གཤིན་རྗེ་གཤེད། །

ངར་ངར་ཚེ་སྲོག་བཅོམ་ལ་ཆས་པའི་ཚེ། །

བརྗིད་བརྗིད་ཕར་རྒོལ་གཡུལ་འགྱེད་གད་རྒྱངས་བསྒྲཌ། །

མང་མང་ཀྲུང་ཧྭ་མི་རིགས་ལྔ་བཅུ་དྲུག །

རྡོག་རྡོག་མཐུན་ལམ་གོང་བུར་བསྒྲིལ་བའི་ཤུགས། །

མཐོ་མཐོ་མཁའ་ནས་ཅིག་ཅར་ཐོག་ཕབ་ཀྱང་། །

འཕྲལ་འཕྲལ་མི་གཞོམ་འཇིག་རྟེན་འདི་ན་རྒྱལ། །

ཟབ་ཟབ་དགོངས་པ་ཡངས་པའི་གཙོ་འཛིན་གྱི། །

མཁས་མཁས་འཕྱུགས་མེད་བཀོད་ཇུས་ཐོག་ལས་མྱུར། །

མྱུར་མྱུར་དུས་འགྱངས་དབེན་པའི་དམངས་ཀྱི་དཔུང་།།

ངན་ངན་ཏོག་གསར་གློ་ཚད་བཅོམ་པར་ཤར། །

དཀར་དཀར་དབུ་སྐྲས་ཁེབས་ཀྱང་བློ་སྟོབས་ཆེ། །

ཚན་རིག་མཁན་པོས་མཐུ་ནུས་རལ་གྲི་ཐོགས། །

སུབ་སུབ་གང་སར་གྲམ་པའི་ནད་འདྲེ་ཡི། །

བླ་སྲོག་བཀུམ་པའི་ཐབས་ཀྱི་སྒྱུ་སྤྲུལ་བསྟན། །

གཟུགས་ཕྲ་ལྐོག་གྱུར་ཏོག་དབྱིབས་འབུ་ཕྲ་ཡིས། །

རིན་ཆེན་སྲོག་ལུས་འཇོམ་རྩལ་འགོག་པའི་ཕྱིར། །

ཁ་བ་གངས་རིའི་གསོ་རིག་གཞུང་ནས་ཀྱང་། །

ནག་པོ་དགུ་སྦྱོར་ནད་འཇོམ་ཐོ་བ་འཕྱར། །

ལྗང་ལྗང་དམག་ཆས་བཀླུབས་པའི་བུ་ཕྲུག་དམག །

སྔོ་སྔོ་ནག་ནག་ཆས་ལྡན་ཉེན་རྟོག་པ། །

དཀར་དཀར་གོས་ཅན་ལྷ་རྗེའི་དཔུང་དང་བཅས། །

ནད་འབུ་གནོན་པའི་སྟོབས་ནུས་གླིང་འདིར་རྒྱལ། །

ཤོག་ཤོག་རྒྱུག་ཅེས་བཙན་སྐུལ་སྦྲང་སྐད་ཙམ། །

སྒྲོག་དགོས་མེད་པའི་དང་བླངས་མང་ཚོགས་ཀྱིས། །

གཅིག་རྗེས་གཉིས་སྙེག་ཉེར་མཁོའི་དངོས་ཟོག་དབོར། །

ཀུན་སེམས་གཅིག་ཏུ་བསྒྲིལ་ནས་ངར་ཤུགས་ངོམས། །

ཡས་ན་དགུང་ལོ་མཐོ་བའི་ཕ་མ་དང་། །

མས་ན་ལོ་ན་ཕྲ་བའི་བྱིས་པ་བཅས། །

ཁྱིམ་གྱི་འཁོར་ཐག་དུམ་བུར་བཅད་པ་ཡིས། །

ནད་བཅོས་སྨན་པའི་འགྲན་ཡ་སྲིད་འདིར་དབེན། །

ནད་ཀྱི་དོང་དུ་ལྷུངས་པའི་ཚེ་སྲོག་ཀུན། །

ལག་གི་རྩལ་དང་ངག་གི་བྱམས་བརྩེ་ཡིས། །

བསྐྱངས་ཏེ་བདེ་ཐང་སླར་གསོའི་འཕྲིན་བཟང་པོ། །

ཆ་འཕྲིན་ཐོས་བཞིན་ཀུན་སེམས་ལྷོད་དུ་བབས། །

གྲོང་ཁྱེར་ཝུའུ་ཧན་སྲིན་འབུས་ཁེངས་གྱུར་ཀྱང་། །

དམར་དམར་ཏང་དར་ལྷབ་ཙམ་གཡོ་མ་ཐག །

མ་རུངས་དུག་སྲིན་གབ་ཁུང་མ་རྙེད་པར། །

རང་རང་སྲོག་མགོ་མ་ཐོན་སྨྲེ་ངག་འཆོར། །

དུག་སྲིན་འགའ་ཞིག་ཕྱོགས་མཐར་རྒྱུ་བ་ཡིས། །

གནས་གཞན་སྐྱེ་འགྲོའི་ཚེ་སྲོག་འཕྲོག་འདོད་ཀྱང་། །

སྔོན་འགོག་དུག་སེལ་ཁ་སྒོ་སྟེམ་པ་ཡིས། །

ངན་སེམས་ལམ་དུ་མ་ལྷོངས་རང་སར་ལྕེབས། །

འཕྲལ་འཕྲལ་མཁོ་བའི་སྨན་བཅོས་མཁར་རྫོང་ཞིག །

མགྱོགས་མགྱོགས་བསྐྲུན་ཏེ་གཡུལ་ལ་ཞུགས་པ་ནི།།

རྒྱལ་ཁབ་བརྒྱ་ཕྲག་བརྒལ་བའི་འཛམ་གླིང་འདིར། །

ཀྲུང་གོའི་སྟོབས་ཤུགས་ལན་གཅིག་ངོམས་དང་མཚུངས། །

ཤར་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཀྲུང་གོ་ཡི། །

མི་ཆོས་རིན་ཐང་བྲལ་བ་མཐོང་བཞིན་དུ། །

གླིང་ལྔ་མཚོ་བཞི་གང་སའི་རྒྱལ་ཁབ་ཀྱི། །

སྤྱི་ཚོགས་རིང་ལུགས་ལེགས་ཞེས་ཤིས་པ་བསྩོལ། །

ནད་ངན་གདུག་རྩུབ་མཆེ་བ་གཙིགས་གྱུར་ཀྱང་། །

གཉའ་རུས་མི་ཆག་ཀྲུང་ཧྭ་མི་རིགས་ཀྱི། །

ལག་གདང་དཔུང་སྦྲེལ་མི་དམངས་དམག་འཁྲུག་འདིས། །

ས་གཞི་རིལ་མོར་ངོ་མཚར་གཏམ་རྒྱུད་བརྩམས། །